ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་ས་གནས་སྲིད་གཞུང་གིས་ཞི་བའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཅཱ་ལེ་མུའུ་ཏུའུ་ཀི་ས་གནས་སྲིད་གཞུང་དང་པང་ཐི་ལིན་ས་གནས་སྲིད་གཞུང་གིས་ཚེས་གཉིས་ཉིན་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་ཞི་བདེའི་གྲོས་མཐུན་བཀོད་དེ། ཕྱོགས་གཉིས་ཀྱི་དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་བར་བྱས།

ཉིན་དེར་ས་གནས་སྲིད་གཞུང་གཉིས་ཀྱི་དཔོན་རིགས་དག་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པ་ལས་གཞན། སོ་མཱ་ལིའི་ཙུང་ཐུང་མཱ་ཧཱ་མའོ་ཏི་དང་ཙུང་ལི་ཧྲི་མཱ་ཁི། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སོ་མཱ་ལིའི་ལས་དོན་གྱི་ཆེད་མངག་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མཱ་ལིའི་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཅི་ཐིན་བཅས་ཀྱང་མཛད་སྒོར་ཞུགས།

ཕྱོགས་གཉིས་ཀྱིས་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པར་འཐད་པ་བྱུང་སྟེ་ཐུན་མོང་གི་ལྟ་ཚུལ་གསུམ་བཀོད་ཡོད་དེ། དེའི་ནང་ཕྱོགས་གཉིས་ཀྱི་དྲག་ཆས་སྟོབས་ཤུགས་རྩོད་གཞིར་གྱུར་བའི་གྲོང་ཁྱེར་ཅཱ་ལེ་ཁཱ་ཡུག་ནས་ཕྱིར་འཐེན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཅཱ་ལེ་ཁཱ་ཡུག་ཏུ་ཡོད་པའི་ལམ་བཀག་ཚང་མ་གཙང་སེལ་བྱས་ཏེ་མི་སྣ་དང་དངོས་ཟོང་རང་དབང་གིས་འཁོར་རྒྱུག་བྱེད་པར་ཆོག་མཆན་འགོད་པ། ཕྱོགས་གཉིས་ཀྱིས་མཉམ་དུ་ཉེན་རྟོག་པར་སྦྱོང་བརྡར་བྱས་ཏེ་ས་གནས་ཀྱི་བདེ་འཇགས་ལ་ཤུགས་སྣོན་བྱེད་པ་བཅས་འདུས། ཕྱོགས་གཉིས་ཀྱིས་ད་རུང་ཟླ་འདིའི་ཟླ་སྨད་ལ་ཅཱ་ལེ་ཁཱ་ཡུག་ནས་གྲོས་མོལ་བྱས་ཏེ་དམ་བཅའ་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད།

ཅི་ཐིན་གྱིས་ཉིན་དེར་གསལ་སྒྲོག་ནང་བསྟན་དོན། ཞི་བདེའི་གྲོས་མཐུན་འགོད་པ་ནི་ཡུན་རིང་ཞི་བདེའི་ལམ་དུ་བསྐྱོད་པའི་རིམ་པ་གལ་ཆེན་ཞིག་ཡིན་ཟེར།

སོ་མཱ་ལིའི་ཅཱ་ལེ་མུའུ་ཏུའུ་ཀི་ས་གནས་སྲིད་གཞུང་དང་པང་ཐི་ལན་ས་གནས་སྲིད་གཞུང་གི་འབྲེལ་བ་དུས་ཡུན་རིང་བོར་ཛ་དྲག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་སོ་མཱ་ལིའི་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཅཱ་ལེ་ཁཱ་ཡུག་ལ་ཚོད་འཛིན་དབང་ཆ་ལྡན་པར་བསམ་ཡོད། མིག་སྔར་ཅཱ་ལེ་ཁཱ་ཡུག་གྲོང་ཁྱེར་དེ་ཁག་གཉིས་སུ་བགོས་ནས། ལྷོ་བྱང་གི་མཁར་ཁུལ་སོ་སོར་ཅཱ་ལེ་མུའུ་ཏུའུ་ཀི་དང་པང་ཐི་ལན་གྱི་དྲག་ཆས་དམག་དཔུང་གིས་ཚོད་འཛིན་བྱས་ཡོད།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བའི་ཚེས་བདུན་ཉིན། ཕྱོགས་གཉིས་ཀྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཅཱ་ལེ་ཁཱ་ཡུག་ནས་འཁྲུག་རྩོད་བྱེད་མགོ་བརྩམས། དེའི་རྗེས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་བཀོད་ཀྱང་། འཁྲུག་རྩོད་དུས་ངེས་མེད་དུ་འབྱུང་བཞིན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།