ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་མཚོ་ཁོངས་སུ་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མི་བརྒྱ་ཙམ་དྲུད་ཡོད་པའི་གྲུ་གཟིངས་ཤིག་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་གྱི་ཞོགས་པར་ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་མཱ་ལུའུ་ཀུའུ་ཞིང་ཆེན་བྱང་མའི་ཉེ་འདབས་ཀྱི་མཚོ་ཁོངས་ནས་རྒྱ་མཚོར་ནུབ། མིག་སྔར་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་་མི་མང་བོ་གར་སོང་རྙེད་མེད།

ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་བྱང་མའི་གནོད་སེལ་ལས་དོན་ཁང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། རྒྱ་མཚོར་ནུབ་པའི་ཤིང་གྲུ་དེ་མཱ་ལུའུ་ཀུའུ་ཞིང་ཆེན་བྱང་མའི་ལྟེ་གནས་གྲོང་ཁྱེར་ཐི་ཨར་ནཱ་ཐི་ནས་ཞིང་ཆེན་དེའི་ཞི་ཧཱ་མཱ་ཧེ་ལཱ་རྫོང་གི་ཅཱ་དབྱེ་ལོ་ལོ་རུ་འགྲོ་བའི་ལམ་བར་ནས་དྲག་རླུང་དང་འཕྲད་ནས་གྲུ་གཟིངས་ལ་ཆག་སྐྱོན་བྱུང་སྟེ་རྒྱ་མཚོར་ནུབ་པ་རེད་ཟེར།

དཔོན་རིགས་དེས་བཤད་རྒྱུར། མིག་སྔའི་བར་དུ་མི་དོན་བདུན་བསྐྱབས་པ་དང་། རྒུད་སྐྱོབ་མི་སྣས་འདས་པོའི་བེམ་པོ་བཞི་རྙེད་ཡོད་ཟེར། འགྲུལ་བའི་མིང་ཐོ་ལྟར་ན་གྲུ་གཟིངས་སྟེང་དུ་མི་རེ་བདུན་དྲུད་ཡོད་ཀྱང་། དོན་དངོས་ཀྱི་འགྲུལ་བའི་ཁ་གྲངས་དེ་ལས་བརྒལ་ཡོད་པ་རེད།

གཞན་ཡང་ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འདས་པོའི་ཐོབ་ཐང་གསལ་འབྱེད་བྱས་པ་ལྟར་ན་ཧིན་རྡུ་ཉི་ཞི་ཡཱའི་སྤྱི་དམངས་ཡིན་པ་རེད། ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣས་བཤད་རྒྱུར། རྒྱ་མཚོར་ནུབ་པའི་གྲུ་གཟིངས་སྟེང་དུ་ཀྲུང་གོའི་སྤྱི་དམངས་མེད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་གླིང་ཕྲན་མང་བ་དང་། རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན། གྲུ་གཟིངས་ནི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ཞིག་རེད། མཚོ་ཁོངས་ཀྱི་ནམ་ཟླར་འགྱུར་ལྡོག་ཆེ་བ་དང་བདེ་འཇགས་བྱེད་ཐབས་ཞན་པ་སོགས་ཀྱི་དབང་གིས་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།