ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་གིས་རྩ་བའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་གསར་བར་ཡིད་འཐད་བྱུང་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་གསར་བ་བཏོན་པ་དང་། ཡེ་མིན་སྲིད་གཞུང་གིས་རྩ་བའི་ཐོག་ནས་ཡིད་འཐད་ཡིན་པའི་ཚུལ་བསྟན་ཡོད་ཟེར།

བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་དབྱེ་སི་མཱེ་ཨར་གྱིས་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་རྗེས། ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ལམ་ཐིག་འཆར་གཞིར་བཟོ་བཅོས་བྱས་པ་དང་། ཕྱོགས་སུ་མ་ལྷུང་བའི་ཇུས་གཞི་གསར་བ་བཏོན། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་མགོ་ཁྲིད་པའི་ཡེ་མིན་ཁྲིམས་མཐུན་སྲིད་གཞུང་གིས་རྩ་བའི་ཐོག་ནས་ཡིད་འཐད་ཡིན་པའི་ཚུལ་བསྟན། ཡེ་མིན་སྲིད་གཞུང་གི་མིང་བཤད་མི་འདོད་པའི་མཐོ་རིམ་འགན་ཁུར་བ་ཞིག་གིས་བཤད་རྒྱུར། ང་ཚོར་ཇུས་གཞི་གསར་བའི་མ་ཡིག་འབྱོར་རྗེས། མྱུར་དུ་ཕྱི་ཕྱོགས་ལ་དང་ལེན་བྱེད་པའི་ལངས་ཕྱོགས་སྟོན་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཕྱོགས་སུ་མ་ལྷུང་བའི་ཇུས་གཞི་གསར་བ་ནི་ཆེད་མངག་ཕོ་ཉ་དབྱེ་སི་མཱེ་ཨར་གྱིས་ཨ་མེ་རི་ཁ་དང་དབྱིན་ཇི། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཕྱོགས་བཞིའི་ཕྱི་འབྲེལ་བློན་ཆེན་གྱི་ལེ་ཡཱ་ཏིའི་བྱེད་ཐབས་གཞིར་བཟུང་ནས་བཟོ་བཅོས་བྱས་པ་ཡིན། རྒྱལ་ཁབ་བཞིས་ཆབ་སྲིད་ལ་བརྟེན་ནས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐུན་མོང་གི་ལྟ་ཚུལ་གསུམ་བཀོད་ཡོད་དེ། དམངས་དམག་དྲག་ཆས་པ་གྲོང་ཁྱེར་ཡོད་ཚད་ནས་ཕྱིར་འཐེན་བྱེད་པ་དང་། མཚོན་ཆ་སྤྲོད་པ། ནང་ཁུལ་མཚམས་བཞག་ཅིང་ཆབ་སྲིད་འཕེལ་རིམ་མགོ་བརྩམས་ཏེ་ཞི་བའི་སྒོ་ནས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་པ་བཅས་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།