ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་མུ་ཏིག་གྲུ་ཁར་འཚམས་འདྲི་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

当地时间2016年12月26日,日本东京,日本首相安倍晋三和国防部长稻田朋美启程前往美国夏威夷。日本首相安倍晋三将访问夏

ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་རྒྱལ་སྲུང་བློན་ཆེན་ཏའོ་ཐེན་ཕིན་མཱེ་གཉིས་ཨ་མེ་རི་ཁའི་ཞཱ་ཝེ་ཡེ་རུ་འཚམས་འདྲིར་ཆས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་དྲུག་ཉིན་ནི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཐེངས་གཉིས་པར་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་ནས་ལོ་ངོ་བཞི་འགོར་བའི་དུས་ལ་འཁེལ་ཡོད་པ་དང་། ཁོས་འཇར་པན་ལ་འཛམ་གླིང་ཡོངས་ཀྱི་ལྟེ་གནས་སུ་འོད་དུ་འཚེར་དུ་འཇུག་རྒྱུའི་དཔའ་གཏམ་བཤད་རྗེས་ཨ་མེ་རི་ཁའི་ཞཱ་ཝེ་ཡེ་མུ་ཏིག་གྲུ་ཁར་འཚམས་འདྲི་བྱེད་དུ་སོང་།

ཨན་པའེ་ཅིན་སན་གྱིས་ཐེངས་འདིའི་འགྲུལ་བཞུད་ལས་འཇར་པན་དམག་དཔུང་གིས་བཟོས་པའི་ཉེས་པར་དགོངས་དག་ཞུ་མི་སྲིད་ཀྱང་། ཁོས་མུ་ཏིག་གྲུ་ཁ་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་གནད་དོན་ཐག་གཅོད་གསལ་བོ་བྱེད་པར་རེ་བས་ཁེངས་ཡོད། ཀྲུང་གོའི་ཕྱི་འབྲེལ་སློབ་གླིང་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཀྲིག་ཡུང་ཧྲིན་གྱིས་ཚེས་ཉེར་དྲུག་ཉིན་འཛམ་གླིང་སྐབས་དོན་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨན་པའེ་ཅིན་སན་ལ་རྒྱལ་ཁབ་ཆེན་མོ་རིང་ལུགས་ཀྱི་བསམ་བློ་ལྡན་པ་དང་། ཐེངས་འདིར་མུ་ཏིག་གྲུ་ཁའི་འགྲུལ་བཞུད་སྐབས་ཁོས་འཇར་པན་ལ་དྲིལ་སྒྲོག་རྒྱ་ཆེར་བྱེད་འདོད་ཡོད་པ་རེད། ད་ལྟ་འཇར་པན་གྱི་དཔལ་འབྱོར་ཉམས་དམས་སུ་འགྲོ་བཞིན་ཡོད་པས། ཨན་པའེ་ཅིན་སན་གྱིས་ཕྱོགས་གཅིག་ནས་དཔལ་འབྱོར་དར་རྒྱས་སུ་གཏོང་འདོད་པ་དང་། ཕྱོགས་གཞན་ཞིག་ནས་འཇར་པན་དེ་ཆབ་སྲིད་རྒྱལ་ཁབ་ཆེན་མོར་འགྱུར་དུ་འཇུག་འདོད་ཡོད། ཁོས་ཞོར་དུ་དམག་ཤུགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་པོས་ཡར་སྐུལ་བྱས་ཏེ་མ་འོངས་པའི་དམག་དོན་རྒྱལ་ཁབ་ཆེན་མོར་འགྱུར་འདོད་ཡོད། མུ་ཏིག་གྲུ་ཁའི་འགྲུལ་བཞུད་ལ་ཨན་པའེ་ཅིན་སན་གྱིས་སྒེར་སེམས་ཆེན་པོ་བཅངས་ཡོད་པ་དང་། ཁོའི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་དེ་འཇར་པན་སྔོན་ཐོན་གྱི་རྒྱལ་ཁབ་ཆེན་མོར་འགྱུར་དུ་འཇུག་འདོད་པའི་དམིགས་ཡུལ་དང་མཐུན་པ་ཡིན་ཟེར།

འཇར་པན་ཐུན་མོང་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨན་པའེ་ཅིན་སན་ཉིན་དེའི་དགོང་མོར་ཆེད་བཏང་གནམ་གྲུར་བསྡད་དེ་ཞཱ་ཝེ་ཡེའི་མུ་ཏིག་གྲུ་ཁར་འཚམས་འདྲིར་སོང་བ་དང་། ཁོའི་ཐེངས་འདིའི་འཚམས་འདྲིའི་སྐབས་མི་འགྱངས་པར་ལས་འགན་བསྐྱུར་ལ་ཉེ་བའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་ཆེས་མཇུག་མཐའི་གྲོས་མོལ་བྱེད་པ་དང་། ཡཱ་ལེ་སང་ནཱ་རྗེས་དྲན་ཁང་དུ་འཚམས་འདྲི་བྱེད་རྒྱུ་མ་ཟད་གཏམ་བཤད་སྤེལ་རྒྱུ་རེད་ཟེར། ལུའུ་ཐིག་གསར་འགྱུར་ཁང་གིས་བཤད་རྒྱུར། ཨན་པའེ་ཅིན་སན་ཚེས་ཉེར་དྲུག་ཉིན་ལམ་དུ་མ་ཆས་གོང་དཔལ་འབྱོར་ཚོགས་ཁག་གི་མཉམ་འབྲེལ་ཚོགས་འདུའི་སྟེང་བསྟན་དོན། ཁོས་མུ་ཏིག་གྲུ་ཁ་ནས་འཐབ་འཁྲུག་མི་བྱེད་པའི་མནའ་ཚིག་བསྒྲགས་ཏེ། འཇར་པན་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཤུལ་ལམ་དུ་ཞུགས་མི་སྲིད་པ་འཛམ་གླིང་ཡོངས་ལ་གསལ་བོར་བསྒྲག་རྒྱུ་ཡིན་ཟེར། ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། ཁོས་གཏམ་བཤད་སྤེལ་སྐབས་འཇར་པན་དང་ཨ་མེ་རི་ཁས་མནའ་འབྲེལ་བཙུགས་པ་ནི་འཛམ་གླིང་སྟེང་གི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་པ་དང་། ཨ་མེ་རི་ཁའི་མགོ་ཁྲིད་པ་དང་མཉམ་དུ་མུ་ཏིག་གྲུ་ཁར་འཚམས་འདྲི་བྱེད་པ་དེ་ལོ་རྒྱུས་རང་བཞིན་གྱི་དོན་དག་ཅིག་ཏུ་གྱུར་ནས་རྒྱལ་ཁབ་གཉིས་ཀྱི་འགྲིག་མཐུན་རྣམ་པ་མངོན་པར་བྱེད་འདོད་ཡོད་ཟེར།

ཚེས་ཉེར་དྲུག་ཉིན་ནི་ཏག་ཏག་ཨན་པའེ་ཅིན་སན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ལོ་མཇུག་ལ་ཐེངས་གཉིས་པའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་ནས་ལོ་ངོ་བཞི་འགོར་བའི་དུས་ལ་འཁེལ་ཡོད་པ་དང་། ཁོས་ཉིན་དེར་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་བཅར་འདྲི་དང་ལེན་བྱེད་སྐབས་ཚོར་སྣང་ལྷུག་པོར་བརྗོད། ཁོས་རང་ཉིད་ཀྱིས་དཔལ་འབྱོར་སྲིད་ཇུས་ཐད་ནས་འབུར་དུ་ཐོན་པའི་གྲུབ་འབྲས་བླངས་པ་ནན་བཤད་བྱས་པ་དང་། བདེ་སྲུང་དང་ཕྱི་ཕྱོགས་སྲིད་ཇུས་ཀྱི་གནད་དོན་ཐད་ནས་དམིགས་སུ་བཀར་ནས་བསྟན་དོན། ཞི་བདེ་རིང་ལུགས་ཀྱི་དར་ཆ་བསྒྲེངས་ཏེ་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་བྱས་རྗེས་བཞག་ནས། འཇར་པན་ལ་འཛམ་གླིང་ཡོངས་ཀྱི་ལྟེ་གནས་སུ་འོད་དུ་འཚེར་དུ་འཇུག་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཨན་པའེ་ཅིན་སན་གྱིས་མུ་ཏིག་གྲུ་ཁའི་འགྲུལ་བཞུད་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དེ་ལས་བརྟེན་ནས་འགྲིག་མཐུན་བྱུང་རྗེས་ཀྱི་འཇར་པན་དང་ཨ་མེ་རི་ཁའི་སྟོབས་དང་ལྡན་པའི་འབྲེལ་བ་གཞན་ལ་ངོམས་པའི་རེ་བ་བཅངས་ཡོད། སང་ལོར་ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་འགན་ཁུར་རྒྱུ་ཡིན་པ་དང་། འཇར་པན་གྱི་ཕྱི་འབྲེལ་ལས་དོན་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད། ཨན་པའེ་ཅིན་སན་གྱིས་བལྟས་ན་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་སྲུང་འཛིན་དང་དེར་ཤུགས་སྣོན་བྱེད་དགོས་པར་བསམ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།