ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ཡིས་ཞི་བའི་ཐབས་ལ་བརྟེན་ནས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱ་ཡིས་ཚེས་ཉེར་ལྔ་ཉིན་ཞི་བའི་ཐབས་ལ་བརྟེན་ནས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཞི་བའི་གྲོས་མོལ་ལ་བརྟེན་ནས་མི་རིགས་ཀྱི་འགྲིག་མཐུན་ལ་ཤུགས་སྣོན་བྱེད་དགོས་པ་ནན་བཤད་བྱས།

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལཱ་ཅེ་ཉིན་དེར་ཨར་ཅིར་དུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས། སཱ་ལཱ་ཅེ་ཡིས་གནམ་གྲུ་ཐང་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོའི་འཚམས་འདྲིའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཁྱིམ་མཚེས་རྒྱལ་ཁབ་ཨར་ཅི་རི་ཡཱ་བར་གྱི་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་དེ་ཡིན་ཟེར།

སཱ་ལཱ་ཅེ་ཡིས་ཨར་ཅི་རི་ཡཱ་ཡིས་ནམ་རྒྱུན་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱས་པ་དང་། ལི་པུ་ཡཱའི་གནད་དོན་ཐད་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཁོས་ཨར་ཅི་རི་ཡཱའི་མགོ་ཁྲིད་པ་དང་མཉམ་དུ་ལི་པུ་ཡཱའི་གནས་བབ་ཀྱི་འགྱུར་ལྡོག་གསར་བ་དང་འབྲེལ་ཡོད་ཀྱི་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཨར་ཅི་རི་ཡཱའི་ཙུང་ལི་སེ་ལཱ་ལེ་དང་མཱ་ཀི་ལི་པུའུ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དོན་པུའུ་ཀྲང་མེད་སཱ་ཧི་ལེ་གཉིས་ཀྱིས་སཱ་ལཱ་ཅེ་དང་གྲོས་མོལ་བྱས།

ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་མིག་སྔའི་ཆབ་སྲིད་དང་བདེ་འཇགས་གནས་བབ་དང་། ལི་པུ་ཡཱའི་གནད་དོན་མྱུར་དུ་ཐག་གཅོད་བྱེད་པའི་ཆབ་སྲིད་མདུན་ལྗོངས་བཅས་ལ་དཔྱད་འཇོག་བྱས། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་མུ་མཐུད་དུ་ཞི་བའི་ཐབས་ལ་བརྟེན་ནས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པ་དང་ཞི་བའི་གྲོས་མོལ་ལ་བརྟེན་ནས་མི་རིགས་འགྲིག་མཐུན་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།