ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་སི་རལ་གྱི་གཏན་སྡོད་ས་ཁུལ་གྱི་གནད་དོན་དང་འབྲེལ་བའི་གྲོས་ཆོད་ལ་དགའ་བསུ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གསུམ་ཉིན་དབྱི་སི་རལ་གྱི་གཏན་སྡོད་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་ཆོད་བཀོད་པར་དགའ་བསུ་ཞུས།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། གྲོས་ཆོད་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་མང་ཆེ་བའི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ནས་བཀོད་པའི་གྲོས་ཆོད་གལ་ཆེན་ཞིག་རེད་ཟེར། ཁོས་དོན་དེའི་ཐད་ནས་ཕཱ་ལེ་སི་ཐན་སྲིད་གཞུང་དང་མི་དམངས་ལ་རྟེན་འབྲེལ་ཞུས།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གསུམ་ཉིན་འདེམ་ཤོག་བཅུ་བཞི་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གཅིག་གིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་ཆོད་དེར་གྲོས་མཐུན་བཀོད་དེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་མངའ་ཁོངས་སུ་གཏན་སྡོད་ས་ཁུལ་འཛུགས་པའི་བྱ་འགུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་འཛུགས་པའི་བྱ་འགུལ་ཡོད་ཚད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཀའེ་ཐི་ཡིས་བཤད་རྒྱུར། གྲོས་ཆོད་དེར་གྲོས་མཐུན་བྱུང་བ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བརྩོན་ལེན་བྱེད་པ་སྟེ་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་མཚོན་ཡོད་ཟེར།

ཀའེ་ཐི་ཡིས་བསྟན་དོན། ཁོས་གྲོས་ཆོད་དེ་བཀོད་པ་ལས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་གྲོས་ཆོད་དེ་དང་བཅས་པའི་རྒྱལ་སྤྱིའི་གྲོས་ཆོད་རབ་དང་རིམ་པ་བརྩི་སྲུང་བྱེད་པར་སྐུལ་མ་གཏོང་དགོས་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་བསྟན་དོན། དབྱི་སི་རལ་གྱིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་འབྲེལ་བར་དཔྱད་འཇོག་བྱེད་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་ཡིའུ་ཐེ་བའི་སྲོལ་རྒྱུན་གྱི་འོད་གསལ་དུས་ཆེན་གྱི་ཞག་སྒྲོན་སྦར་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་བཀོད་པའི་དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་འཛུགས་པའི་བྱ་འགུལ་ཡོད་ཚད་མཚམས་འཇོག་པར་སྐུལ་མ་བཏང་བའི་གྲོས་ཆོད་ལ་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་གྲོས་ཆོད་དེ་གཏན་ནས་ཁས་ལེན་བྱེད་རྒྱུ་མིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཟླ་ངོ་གཅིག་གི་ནང་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་སོ་སོའི་བར་གྱི་འབྲེལ་བར་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། ཁོས་བཀའ་རྒྱ་བཏང་སྟེ་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྔ་ལ་རྩིས་སྤྲོད་བྱེད་པའི་ཚོགས་གྲོན་ཇེ་ཉུང་དུ་བཏང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།