ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དབྱི་སི་རལ་གྱི་གཏན་སྡོད་བྱེད་སའི་གནད་དོན་སྐོར་གྱི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་ཨེ་ལེ་ཁ་ཐི་ཡིས་ཚེས་ཉེར་གསུམ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དབྱི་སི་རལ་གྱི་གཏན་སྡོད་བྱེད་སའི་གནད་དོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པ་དང་། དེ་ནི་དབུས་ཤར་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་དྲང་བདེན་དང་ཞི་བདེའི་སྟོབས་ཤུགས་ལ་ཐོབ་པའི་རྒྱལ་ཁ་ཡིན་ཟེར།

ཨེ་ལེ་ཁ་ཐི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བརྡས་ཐག་བཅད་དེ་གྲོས་ཆོད་དེར་གྲོས་འཆམ་བྱུང་བ་དེས་དབྱི་སི་རལ་ལ་བརྡ་དྲག་པོ་ཞིག་བསྟན་ཡོད་པ་ནི། བཙན་བཟུང་བྱེད་པ་དང་གཏན་སྡོད་བྱེད་ས་ལས་པར་བརྟེན་ནས་ཞི་བདེ་དང་བདེ་འཇགས་འབྱུང་མི་སྲིད་པར། བཙན་བཟུང་མཇུག་རྫོགས་པར་བྱེད་པ་མ་ཟད་ཕ་ལེ་སི་ཐན་རྒྱལ་ཁབ་བཙུགས་ན་ད་གཟོད་ཞི་བདེ་དང་བདེ་འཇགས་འབྱུང་སྲིད་པ་དེ་རེད་ཟེར། ཁོས་བཤད་རྒྱུར། གྲོས་ཆོད་དེ་ནི་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་ས་མཚམས་ཀྱི་རྨང་གཞིའི་སྟེང་ཡེ་ལུའུ་ས་ལུན་ཤར་མ་རྒྱལ་ས་ཡིན་པའི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་སྐུལ་འདེད་གཏོང་བ་ལ་ཕན་པ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཉེར་གསུམ་ཉིན་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། དབྱི་སི་རལ་གྱིས་རང་གིས་བཙན་བཟུང་བྱས་པའི་ཕ་ལེ་སི་ཐན་གྱི་མངའ་ཁོངས་ནས་གཏན་སྡོད་བྱེད་ས་ལས་པ་དེར་བཅའ་ཁྲིམས་ཀྱི་ནུས་པ་ཅི་ཡང་མེད་ལ། བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཡོངས་སུ་འགལ་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པར་བཀག་འགོག་ཆེན་པོ་བྱེད་བཞིན་པ་མ་ཟད། དྲང་བདེན་དང་ཡུན་རིང་། ཁྱོན་ཡོངས་བཅས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་ཅེས་བསྐྱར་སྒྲོག་བྱས། གྲོས་ཆོད་ལས་ཡང་བསྐྱར་དབྱི་སི་རལ་གྱིས་རང་གིས་བཙན་བཟུང་བྱས་པའི་ཕ་ལེ་སི་ཐན་གྱི་མངའ་ཁོངས་ནས་གཏན་སྡོད་བྱེད་ས་ལས་པའི་བྱ་འགུལ་ཡོད་ཚད་མྱུར་དུ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་མ་ཟད། གཏན་སྡོད་བྱེད་ས་ལས་པའི་བྱ་འགུལ་ཡོངས་སུ་མཚམས་འཇོག་པ་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་སླར་གསོ་བྱེད་པར་ཧ་ཅང་གལ་ཆེ་ཞེས་ནན་གྱིས་བསྟན་ཡོད།

ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་དཔོན་པོ་མཱ་ལེ་ཅི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འདི་ནི་ཕ་ལེ་སི་ཐན་མི་དམངས་ལ་ཐོབ་པའི་རྒྱལ་ཁ་ཡིན། ཕ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱི་དཔོན་རིགས་གཏན་སྡོད་བྱེད་ས་ལས་པའི་ལས་དོན་ཁྲོད་ཞུགས་པའི་ཆ་འཕྲིན་བསྡུ་གསོག་བྱས་ཏེ་གཏུག་བཤེར་བྱེད་པར་བཀོལ་རྒྱུ་ཡིན་ཟེར།

གཏན་སྡོད་བྱེད་སའི་གནས་དོན་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། དབྱི་སི་རལ་གྱིས་གཅིག་སྟོང་དགུ་རེ་བདུན་ལོའི་དབུས་ཤར་དམག་འཁྲུག་ཐེངས་གསུམ་པའི་རྗེས་ནས་བཟུང་ཡེ་ལུའུ་ས་ལུན་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཡུག་ཐེ་བ་གཏན་སྡོད་བྱེད་ས་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུག་ཐེ་བ་གཏན་སྡོད་བྱེད་ས་ཚང་མ་བཅའ་ཁྲིམས་དང་འགལ་ཡོད་པར་མ་ཟད། དབུས་ཤར་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་བཀག་རྒྱུ་རུ་གྱུར་ཡོད་པར་འདོད་ཡོད།

ཕ་ལེ་སི་ཐན་གྱི་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། དབྱི་སི་རལ་གྱིས་ད་བར་དུ་ཡེ་ལུའུ་ས་ལུན་ཤར་མ་དང་བཅས་པའི་བཙན་བཟུང་བྱས་པའི་ཕ་ལེ་སི་ཐན་གྱི་མངའ་ཁོངས་སྟེང་ཡུག་ཐེ་བ་གཏན་སྡོད་བྱེད་ས་དང་དམག་དོན་སྒྲིག་ཆས་ལྔ་བརྒྱ་ལྷག་ལས་ཡོད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད་དེར་གྲོས་འཆམ་བྱུང་རྗེས། དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ནས་གྲོས་ཆོད་དེ་དང་ལེན་མི་བྱེད་ཅེས་བསྒྲགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།