ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཁྲིམས་འགལ་གཏན་སྡོད་བྱེད་ས་ཆེས་ཆེན་པོས་དབྱི་སི་རལ་སྲིད་གཞུང་གི་ཕྱིར་འཐེན་འཆར་གཞི་དང་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཁྲིམས་དང་འགལ་བའི་ཡུག་ཐེ་བའི་གཏན་སྡོད་བྱེད་ས་ཆེས་ཆེན་པོ་ཨ་མོ་ན་ཟེར་བ་དེའི་སྡོད་དམངས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་དབྱི་སི་རལ་སྲིད་གཞུང་གིས་བཏོན་པའི་ཕྱིར་འཐེན་གྱི་འཆར་གཞི་གསར་བ་དང་ལེན་བྱས་ཏེ། གཏན་སྡོད་བྱེད་ས་དེ་བཤིག་སྐབས་དྲག་ཤུགས་འཁྲུག་རྩོད་མི་འབྱུང་བྱས།

དབྱི་སི་རལ་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་གྱི་ནམ་གུང་བཏོན་པའི་འཆར་གཞི་གསར་བ་ལྟར་ན། ཁྲིམས་འགལ་གཏན་སྡོད་བྱེད་ས་དེའི་གཏན་སྡོད་ཁྱིམ་ཚང་ཞེ་གཉིས་ཁྲོད་ཀྱི་ཁྱིམ་ཚང་ཉེར་བཞི་སྲིད་གཞུང་གིས་ཉེ་འདབས་ཀྱི་རི་ཞིག་གི་སྟེང་དུ་ཡང་བསྐྱར་བཀོད་སྒྲིག་བྱེད་རྒྱུ་རེད། ཉིན་འགའི་སྔོན་ལ་བཏོན་པའི་འཆར་གཞི་དང་བསྡུར་ན། འཆར་གཞི་གསར་བའི་ནང་དུ་ཡང་བསྐྱར་བཀོད་སྒྲིག་བྱེད་པའི་ཨ་མོ་ན་གཏན་སྡོད་བྱེད་སའི་ཁྱིམ་ཚང་གི་གྲངས་ཀ་དེ་ལྡབ་གཅིག་གིས་ཇེ་མང་ལ་སོང་ཡོད།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་གཟའ་འཁོར་རེའི་ནང་སྲིད་རྒྱུན་ལྡན་ཚོགས་འདུའི་སྟེང་ཨ་མོ་ནའི་སྡོད་དམངས་ཀྱིས་སྲིད་གཞུང་གི་འཆར་གཞི་གསར་བ་དང་ལེན་བྱེད་རྒྱུའི་འབོད་སྐུལ་བཏང་།

ཨ་མོ་ན་ནི་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་བཙུགས་པ་དང་། ཕ་ལེ་སི་ཐན་གྱི་གྲོང་ཁྱེར་ལཱ་མུའུ་ཨན་ལའི་ཤར་ཕྱོགས་སུ་ཡོད་ལ། དབྱི་སི་རལ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་བཙུགས་པའི་ཁྲིམས་འགལ་གཏན་སྡོད་བྱེད་སའི་ཁོངས་སུ་གཏོགས། མིག་སྔར་སྡོད་དམངས་སུམ་བརྒྱ་ལྷག་སྟབས་བདེའི་ཁང་པའི་ནང་དུ་བསྡད་ཡོད། དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཉིས་སྟོང་བཅུ་བཞི་ལོར་ཨ་མོ་ན་ནི་ཕ་ལེ་སི་ཐན་གྱི་མི་སྒེར་ལ་དབང་བའི་ས་ཐོག་ཏུ་བཙུགས་ཡོད་ལ། ཁྲིམས་དང་འགལ་ཡོད་པས་གཏན་སྡོད་བྱེད་ས་བཤིག་དགོས་པའི་ཐག་བཅད། གཏན་སྡོད་བྱེད་ས་ཨ་མོ་ན་བཤིག་བའི་འགུལ་སྐྱོད་དེ་ཡང་དང་བསྐྱར་དུ་རྗེས་ལ་བསྣུར་རྗེས། ཆེས་མཐོ་ཁྲིམས་ཁང་གིས་དབྱི་སི་རལ་སྲིད་གཞུང་གིས་ཟླ་འདིའི་ཚེས་ཉེར་ལྔ་ཉིན་གྱི་སྔོན་ལ་གཏན་སྡོད་བྱེད་ས་དེ་བཤིག་དགོས་པའི་དུས་བཅད་བྱས།

གཏན་སྡོད་བྱེད་ས་ཨ་མོ་ན་བཤིག་པའི་གནད་དོན་དེ་ནི་ཟླ་འགའི་རིང་ལ་དབྱི་སི་རལ་གྱི་རྒྱལ་ནང་ཆབ་སྲིད་དང་སྤྱི་ཚོགས་གསར་འགྱུར་གྱི་དོ་སྣང་བྱེད་ཡུལ་གཙོ་བོར་གྱུར་བ་དང་། ཨ་མོ་ནའི་སྡོད་དམངས་ཀྱིས་ཚེས་བཅོ་ལྔ་ཉིན་དབྱི་སི་རལ་སྲིད་གཞུང་གིས་བཏོན་པའི་ཞི་བའི་ཕྱིར་འཐེན་འཆར་གཞི་དང་ལེན་མ་བྱས་པ་མ་ཟད། གཏན་སྡོད་པ་ཕྱིར་འཐེན་བྱེད་དུ་འཇུག་པར་ཐོན་པའི་དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་ལ་ངོ་རྒོལ་བྱེད་རྩིས་བྱས།

དབྱི་སི་རལ་གྱིས་དབྱི་སི་རལ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་བཙུགས་པའི་ཡུག་ཐེ་བའི་གཏན་སྡོད་བྱེད་ས་ཡོངས་རྫོགས་ཁྲིམས་འགལ་དུ་བརྩིས་ཡོད་ལ། མིག་སྔར་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཡས་ལྷུང་གཏན་སྡོད་པས་བཙུགས་པའི་ཁྲིམས་འགལ་གྱི་གཏན་སྡོད་བྱེད་ས་བརྒྱ་ཙམ་ཡོད་པ་དང་། ཨ་མོ་ན་ནི་དེའི་ཁྲོད་ཀྱི་ཆེས་ཆེ་བའི་གཏན་སྡོད་བྱེད་ས་རེད།

དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་ཅོར་ཏན་གཙང་བོའི་ནུབ་འགྲམ་བཙན་བཟུང་བྱས་རྗེས། ས་དེ་ནས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་ཡུག་ཐེ་བའི་གཏན་སྡོད་བྱེད་ས་བརྒྱ་དང་ཉི་ཤུ་ཙམ་ལས། ཡིན་ན་ཡང་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་བཙུགས་པའི་ཡུག་ཐེ་བའི་གཏན་སྡོད་བྱེད་ས་ཞིག་ཡིན་ཕྱིན། དབྱི་སི་རལ་སྲིད་གཞུང་གིས་ཁྲིམས་མཐུན་དང་ཁྲིམས་འགལ་གང་ལ་བརྩིས་རུང་། ཕ་ལེ་སི་ཐན་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ཚང་མ་ཁྲིམས་འགལ་དུ་བརྩིས་ཡོད་པ་མ་ཟད། དེ་ནི་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་གྱི་བཀག་རྒྱ་ཆེས་ཆེན་པོ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།