དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་གྱི་བློན་ཆེན་གྱིས་སང་ལོའི་ཟླ་གཉིས་པའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཆར་གཞི་ཁྱབ་སྒྲོག་བྱེད་མི་སྲིད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་གྱི་བློན་ཆེན་ཏའེ་ཝེ་སི་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། དབྱིན་ཇིའི་སྲིད་གཞུང་གིས་སང་ལོའི་ཟླ་གཉིས་པའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཆར་གཞི་ཁྱབ་སྒྲོག་བྱེད་མི་སྲིད། རྒྱུ་མཚན་ནི་འཆར་གཞི་ཁྱབ་སྒྲོག་མ་བྱས་གོང་ཞིབ་འཇུག་དང་སྲིད་ཇུས་རང་བཞིན་གྱི་བྱ་བ་མང་བོ་བསྒྲུབ་དགོས་ཟེར།

ཏའེ་ཝེ་སི་ཡིས་ཉིན་དེར་དབྱིན་ཇིའི་གྲོས་ཁང་ནས་གྲོས་མིའི་འདྲི་བ་དང་ལེན་བྱེད་སྐབས། ཁོས་བསྟན་དོན། མ་འོངས་པར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཆར་གཞི་གང་ནུས་ཀྱིས་སྒོ་འབྱེད་རང་བཞིན་དང་ལྡན་པར་བྱེད་རྒྱུ་ཡིན་ཡང་། སྔོན་འགྲོའི་ཆ་རྐྱེན་ནི་དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་ལ་གནོད་པ་ཐེབས་མི་རུང་ཟེར།

དབྱིན་ཇིའི་གྲོས་ཁང་ཞོལ་མས་གཟའ་འཁོར་སྔོན་མར་གྲོས་ཆོད་བཀོད་དེ། སྲིད་གཞུང་གིས་སང་ལོའི་ཟླ་གསུམ་པའི་ཟླ་མཇུག་གི་སྔོན་ལ་ལི་སི་པིན་ཆིངས་ཡིག་གི་དོན་ཚན་ལྔ་བཅུ་བ་ལག་བསྟར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་ལ་དངོས་སུ་ཕྱིར་འབུད་སྙན་ཞུ་འབུལ་བར་རྒྱབ་སྐྱོར་བྱས། གྲོས་ཁང་གིས་ད་རུང་གྲོས་ཆོད་གཞན་ཞིག་བཀོད་དེ། སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་རིམ་མགོ་མ་བརྩམས་གོང་གྲོས་ཁང་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཆར་གཞི་ཁྱབ་སྒྲོག་བྱེད་དགོས་པའི་རེ་བ་བཏོན།

ཏའེ་ཝེ་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་དེ་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པའི་འབྲེལ་བར་རག་ལས་པ་དང་། དཀའ་གནད་ནི་དབྱིན་ཇི་ཡིས་མུ་མཐུད་དུ་ཡོ་རོབ་གླིང་ཕྱོགས་གཅིག་གི་ཚོང་རར་ཞུགས་པའི་ཐོབ་ཐང་སྲུང་འཛིན་བྱས་ཆོག་མིན་དེ་རེད། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་ལ་དུས་ཚོད་ཅི་ཙམ་དགོས་ཀྱང་། དབྱིན་ཇི་ཡིས་ངེས་པར་དུ་མ་འོངས་པའི་ཁ་ཕྱོགས་གང་དུ་ཡོད་པ་གསལ་བོར་ཤེས་དགོས་ཟེར།

དབྱིན་ཇིའི་ནོར་སྲིད་བློན་ཆེན་ཧཱ་མིན་ཏི་ཡིས་ཉེ་སྔོན་བསྟན་དོན། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་མོལ་བྱས་རྗེས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བར་བརྒལ་དུས་རིམ་ཞིག་གཏན་འཁེལ་བྱས་ཤིང་། བར་བརྒལ་དུས་རིམ་དེ་བེད་སྤྱད་དེ་རིམ་བཞིན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལག་བསྟར་བྱས་ཏེ། གད་པ་ཆད་པ་ལྟ་བུར་གློ་བུར་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

དོན་དེའི་ཐད་ནས་ཏའེ་ཝེ་སི་ཡིས་བསྟན་དོན། གལ་ཏེ་དགོས་བ་ཡོད་ན། ཡོ་རོབ་གླིང་མནའ་འབྲེལ་བར་བར་བརྒལ་རང་བཞིན་གྱི་གྲོས་མཐུན་ཞིག་བཀོད་ཆོག དབྱིན་ཇིའི་སྲིད་གཞུང་གི་སྤྱིའི་དམིགས་འབེན་ནི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བྱ་བ་གཏན་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་བ་ལས་ཁེ་ལས་ལ་བཟོས་པའི་གནོད་སྐྱོན་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་རྒྱུ་དེ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།