ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་ཀྱི་ཡུན་ཚད་སང་ལོའི་ཟླ་བདུན་པའི་བར་ཇེ་རིང་དུ་གཏོང་བར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་ཀྱི་ཡུན་ཚད་ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་བར་ཇེ་རིང་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད།

ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ནང་སྲིད་པུའུ་ཡི་པུའུ་ཀྲང་ལེ་ལུའུ་ཡིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་རྒྱལ་དམངས་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཇིགས་སྐུལ་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་གླིང་དང་དབུས་ཤར་སོགས་ས་ཁུལ་ནས་ཆམ་ཕབ་དྲག་པོ་ཐེབས་ཡོད་ཀྱང་། འཇབ་རྒོལ་འཇིགས་ཉེན་གྱི་ཚབས་ཆེ་བའི་ཚད་སྔར་ལས་ཇེ་དམའ་རུ་སོང་མེད། གལ་ཏེ་ང་ཚོས་དོགས་ཟོན་ཇེ་ལྷོད་དུ་བཏང་ན་ནོར་འཆུག་ཆེན་པོ་བཟོ་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། སང་ལོའི་ཟླ་བཞི་བ་དང་ལྔ་བར་ཧྥ་རན་སིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཟླ་དྲུག་པར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་སྐབས། ཧྥ་རན་སི་ཡིས་གཏན་འཇགས་མི་ཡོང་བའི་ཉེན་ཁ་སྔར་བཞིན་ཆེན་པོ་ཡོད་ཟེར།

ལེ་ལུའུ་ཡིས་ད་རུང་བཤད་རྒྱུར། ད་ལོའི་ཟླ་བདུན་པའི་ཚེས་བཅུ་བཞིའི་ཉིན་ཧྥ་རན་སིའི་ནེ་སི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བ་ནས་ད་ལྟའི་བར་ཧྥ་རན་སི་ཡིས་ཉུང་མཐར་ཡང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཅུ་གསུམ་ཕམ་ཉེས་སུ་བཏང་ཡོད། ད་ལོའི་ཟླ་དང་པོའི་ཚུན་ལ། འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་མི་བཞི་བརྒྱ་དང་ཉི་ཤུ་ལྷག་ཧྥ་རན་སིའི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་སྡེ་ཁག་གིས་བཀག་འཇུག་བྱས་ཡོད། དེ་ལས་གཞན་ཧྥ་རན་སིའི་མི་དང་དུས་རྒྱུན་ཧྥ་རན་སི་རུ་བསྡད་ཡོད་པའི་མི་སྟོང་གཉིས་ཙམ་ཐལ་སྤྱོད་རྩ་འཛུགས་ཀྱིས་བསྡུ་ལེན་བྱས་ཡོད་པ་དང་། དེའི་ནང་མི་བདུན་བརྒྱ་ཙམ་གྱིས་སི་རི་ཡཱ་དང་དབྱི་རག་ཏུ་འཇིགས་སྐུལ་རྩ་འཛུགས་ཀྱི་ཆེད་དུ་འཐབ་འཁྲུག་བྱེད་བཞིན་ཡོད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་ཕཱ་རེ་སི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་རྗེས། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་རྒྱལ་ཡོངས་ནས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། དོགས་ཟོན་མཐོར་འདེགས་ཀྱི་ཡུན་ཚད་དེ་བསྟུད་མར་ཐེངས་བཞིར་ཇེ་རིང་དུ་བཏང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།