ཀྲུང་གོ་བོད་ཀྱི་དྲ་བ།

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་དམ་བཅའ་བཞག་སྟེ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་གྱི་གསར་དུ་བདམས་པའི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གི་ཁྲིམས་འཛུགས་ཁང་དང་། གྲོས་ཞུགས་ཁང་གི་མཉམ་ཞུགས་གྲོས་ཚོགས་སྟེང་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར། འགན་ཡུན་ལོ་ལྔ་རེད།

ལས་འགན་ཁུར་བའི་མཛད་སྒོར་ཝུའུ་ཙི་པེ་ཁི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་སཱ་ལོ་མའོ་ཧྥུའུ་ཡིས་མགོ་འཛིན་བྱས། ཨ་པུའུ་ཏུའུ་སཱ་ལོ་མའོ་ཧྥུའུ་ཡིས་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། མུས་ཨར་ཅི་ཡོ་ཡེ་ཧྥུའུ་ལ་ཙུང་ཐུང་གི་བྱ་བའི་དཔང་ཡིག་དང་འདེམ་བསྐོའི་དཔང་ཡིག་བྱིན། དེའི་རྗེས་སུ་མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་དངོས་སུ་དམ་བཅའ་བཞག་སྟེ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར།

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་ལས་འགན་ཁུར་བའི་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། མི་དམངས་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱས་ཤིང་། བཅོས་བསྒྱུར་བྱེད་པའི་དགོས་གལ་རང་བཞིན་དང་བྲེལ་མྱུར་རང་བཞིན་མི་དམངས་ཀྱི་རྒྱབ་སྐྱོར་དང་སྐུལ་འདེད་དང་འབྲལ་ཐབས་མེད། རྩ་འཛུགས་ཡོད་པའི་ནག་ཉེས་དང་རུལ་སུངས། ཐལ་སྤྱོད་ཆོས་ལུགས་སོགས་ལ་ཆམ་ཕབ་ནན་མོ་གཏོང་དགོས་པ་དང་། ན་གཞོན་གྱི་མཛུབ་སྟོན་དང་དོ་དམ་ལ་ཤུགས་སྣོན་བྱེད་དགོས་ལ། ལོ་ལོན་དང་བུད་མེད། བྱིས་པ་བཅས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སེམས་ཁུར་བྱེད་དགོས། ཕན་ནུས་མཐོ་ཞིང་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཤིང་། ལས་ཞུགས་ལས་གནས་སྔར་ལས་མང་བོ་གསར་བསྐྲུན་བྱས་ཏེ། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་ཞིང་ལས་ལག་རྩལ་བཅོས་བསྒྱུར་ལ་ཡར་སྐུལ་གཏོང་བ་དང་། ཞིང་ཞོར་ཐོན་རྫས་ཀྱི་ཁེ་ལས་དང་ལས་སྣོན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་ཟེར།

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་ད་རུང་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་གཞི་རྩའི་རྩ་དོན་འགྱུར་མི་སྲིད་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ལ་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་དྲུག་གཅིག་གི་འདེམ་ཤོག་ཐོབ་ནས། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དུ་བདམས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།