ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མར་རྨས་སྐྱོན་ཐེབས་པ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་ཨན་པཱ་ཨར་ཞིང་ཆེན་གྱི་མི་སེར་དཀྱུས་མར་བར་སྣང་འཇབ་རྒོལ་ཐེབས་ཏེ་རྨས་སྐྱོན་ཕོག་པའི་དོན་དེ་དབྱི་རག་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་ཁས་ལེན་མ་བྱས། དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་བསྒྲགས་པ་ལྟར་ན། གསང་འཕྲིན་ལས་མངོན་པ་ལྟར་ན་བར་སྣང་འཇབ་རྒོལ་གྱི་དམིགས་ཡུལ་ནི་འཇིགས་སྐུལ་ཉེས་ཅན་རེད་ཟེར།

མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་རག་གི་འཐབ་འཛིང་གནམ་གྲུས་ཚེས་བདུན་ཉིན་གྱི་ཉིན་གུང་སྔ་གཞུག་ཏུ་ཨན་པཱ་ཨར་ཞིང་ཆེན་གྱི་ཅཱ་དབྱེ་མུའུ་གྲོང་རྡལ་གྱི་ཐོག་ཁང་གཉིས་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། གསང་འཕྲིན་ལས་མངོན་པ་ལྟར་ན་ཐོག་ཁང་དེའི་གཉིས་ནང་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པའི་དྲག་ཆས་ཉེས་ཅན་དང་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་ཅན་བཅུ་ཕྲག་འགའ་སྦས་སྐོང་བྱས་ཡོད་ཟེར། དམག་ཕྱོགས་ཀྱིས་ད་རུང་ཕྱོགས་སོ་སོས་ད་རུང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་གཡོ་འོག་ཏུ་ཚུད་མི་རུང་བའི་འབོད་སྐུལ་བཏང་།

ཅཱ་དབྱེ་མུའུ་གྲོང་རྡལ་དེ་དབྱི་རག་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་ཡོད་པ་དང་། མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་ཡོད། དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་དྲུག་ཅུ་ལྷག་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཨན་པཱ་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་ལཱ་ཝེ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་དབྱེ་མུའུ་གྲོང་རྡལ་ལ་ཚེས་བདུན་ཉིན་བར་སྣང་འཇབ་རྒོལ་ཐེབས་ནས། མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་ཡོད་པ་དང་། སྲིད་གཞུང་གིས་མྱུར་དུ་དོན་རྐྱེན་དེར་རྟོག་ཞིབ་བྱས་ནས་ཉེས་ཅན་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།

དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཀྲུའུ་པུའུ་ལི་ཡིས་ཀྱང་གསལ་སྒྲོག་སྤེལ་ཏེ། བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་བཅུ་ཕྲག་འགར་ཤི་རྨས་བཟོས་པ་དང་། སྲིད་གཞུང་གིས་ནོར་འཆུག་གི་བྱ་སྤྱོད་དེ་འདྲར་འགན་ཁུར་དགོས་ཟེར། ཁོས་ད་རུང་གང་མགྱོགས་སྒོས་དོན་རྐྱེན་དེར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།