ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བལྟས་ན་འཛམ་གླིང་ཡོངས་ཅན་གྱི་འཕེལ་རིམ་ནི་ལྡོག་མེད་ཡིན་པར་འདོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་གསུམ་ཉིན་གཟའ་འཁོར་རེའི་བརྙན་རིས་གཏམ་བཤད་ཁྲོད་བསྟན་དོན། འཛམ་གླིང་ཡོངས་ཅན་གྱི་འཕེལ་རིམ་གྱིས་མིའི་རིགས་ལ་ཁེ་ཕན་ཆེན་པོ་བསྐྲུན་སྲིད་པ་དང་། མི་ལ་ལས་དེར་སེམས་ཁུར་བྱེད་བཞིན་ཡོད་ཀྱང་། འཕེལ་རིམ་དེ་ནི་ལྡོག་མེད་ཡིན་ཟེར།

མའོ་ཁི་ཨར་གྱིས་ཙུང་ལིའི་བཞུགས་ཤག་གི་དཔོན་ཕྱོགས་དྲ་ཚིགས་སྟེང་སྤེལ་བའི་བརྙན་རིས་གཏམ་བཤད་ནང་བཤད་རྒྱུར། འཛམ་གླིང་ཡོངས་ཅན་གྱི་འཕེལ་རིམ་དབང་གིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་རྒྱལ་ཁབ་སོ་སོའི་བར་དུ་འབྲེལ་བ་སྔར་ལས་ཟབ་མོ་ཆགས་ཡོད། ཡང་བསྐྱར་འཛམ་གླིང་ཡོངས་ཅན་གྱི་འཕེལ་རིམ་མགོ་མ་བརྩམས་སྔོན་གྱི་གནས་ཚུལ་འབྱུང་མི་སྲིད། མི་རྣམས་ཀྱིས་སྒྲུབ་འོས་པ་ནི་འཛམ་གླིང་ཡོངས་ཅན་གྱི་འཕེལ་རིམ་དེའི་རྒྱུ་ལམ་ཧུར་ཐག་སྒོས་ལེགས་སྒྲིག་བྱས་ཤིང་། དེར་སྒྲིག་སྲོལ་བཙུགས་ནས། མི་རྣམས་འཕེལ་རིམ་དེའི་གོ་གནས་གཙོ་བོར་འཇོག་དགོས་ཟེར། ཁོ་མོས་ནན་གྱིས་བསྟན་དོན། སྒེར་ཚུགས་རིང་ལུགས་དང་རྣམ་པ་སྣ་ཚོགས་པའི་མི་རིགས་ཁ་བྲལ་རིང་ལུགས། དེ་མིན་སྲུང་སྐྱོབ་རིང་ལུགས་བཅས་ལ་གྲུབ་འབྲས་ཐོན་ཐབས་མེད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་གྱིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་གྲོས་མོལ་སྣ་ཚོགས་དང་སྡེ་ཚོགས་དེའི་ནང་ཁུལ་གྱི་གོང་བུར་སྒྲིལ་ཤུགས་ལ་མིག་སྔར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཁོ་མོས་བཤད་རྒྱུར། འཇར་མན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་དམིགས་ཡུལ་ནི་ཕན་ཚུན་འབྲེལ་འདྲིས་ཟབ་པའི་འཛམ་གླིང་སླར་གསོ་བྱེད་པའི་ཆེད་ཡིན་ཞིང་། ཁོ་མོ་དང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར། རྒྱལ་སྤྱིའི་དངུལ་ལོར་མ་ལག་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ཡོང་བ་ནི་དོ་སྣང་བྱེད་པའི་གྲོས་གཞི་གཙོ་བོ་ཡིན་པ་དང་། འཇར་མན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སྔར་ལས་འཕར་སྣོན་འབྱུང་བར་ཡར་སྐུལ་གཏོང་འདོད་ཡོད་པ་དང་། དཔལ་འབྱོར་འཕར་སྣོན་དེ་རྒྱུན་བསྲིངས་ནས་མི་སྔར་ལས་མང་བོར་དེ་ལས་ཁེ་ཕན་ཐོབ་པར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།