ཀྲུང་གོ་བོད་ཀྱི་དྲ་བ།

འཁྱག་གླིང་གི་ཙུང་ཐུང་གིས་མཚོ་ཇག་ཏང་གི་མགོ་ཁྲིད་པར་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཁྱག་གླིང་གི་ཙུང་ཐུང་ཡོ་ཧན་ནེ་སུང་གིས་ཚེས་གཉིས་ཉིན་བཤད་རྒྱུར། སྒེར་ཚུགས་ཏང་དང་གཡོན་ཕྱོགས་ལྗང་མདོག་ལས་འགུལ་གྱི་མགོ་ཁྲིད་པས་ནེ་ཀི་རྩ་འཛུགས་བྱེད་པར་ཕམ་ཉེས་བྱུང་རྗེས། ཁོས་མཚོ་ཇག་ཏང་གི་མགོ་ཁྲིད་པ་ཡོ་ཨིན་སི་ཏའོ་ཏིས་ཨར་ལ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་སྩོལ་རྒྱུ་ཐག་བཅད་པ་ཡིན་ཟེར།

ཡོ་ཧན་ནེ་སུང་གིས་ཉིན་དེར་སོ་སོར་གྲོས་ཁང་གི་སྲིད་ཏང་ཚང་མའི་མགོ་ཁྲིད་པར་གྲོས་མོལ་བྱས་པ་དང་། དེའི་རྗེས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་ཆོད་དོན་དེ་ཁྱབ་སྒྲོག་བྱས་པ་རེད། ཁོས་བསྟན་དོན། སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོ་སྤེལ་ནས་ཟླ་གཅིག་ལྷག་འགོར་ཡང་། སྲིད་གཞུང་གསར་བ་ད་རུང་འཛུགས་ཐུབ་མེད། སྲིད་ཏང་སོ་སོས་འགན་འཁྲི་དང་ལེན་བྱས་ཤིང་འགུལ་སྐྱོད་སྤེལ་ཏེ་ནེ་ཀི་རྩ་འཛུགས་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

ཡོ་ཨིན་སི་ཏོ་ཏིས་ཨར་གྱིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཚོ་ཇག་ཏང་དང་བསྐྱར་དར་ཏང་། འོད་སྣང་མ་འོངས་ཏང་། སྤྱི་ཚོགས་དམངས་གཙོ་མནའ་འབྲེལ། དེ་མིན་གཡོན་ཕྱོགས་ལྗང་མདོག་ལས་འགུལ་བཅས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཐོན་སྲིད་པ་དང་། མིག་སྔར་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་ནི་སྨན་བཅོས་འགན་སྲུང་མ་ལག་དང་ངལ་རྩོལ་ནུས་པའི་ཚོང་ར་སོགས་ཀྱི་གནད་དོན་རེད་ཟེར།

འཁྱག་གླིང་གིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། སྒེར་ཚུགས་ཏང་སྲིད་འཛིན་མནའ་འབྲེལ་གྱི་ཁོངས་མི་ཡིན་པའི་ཆ་ནས་གྲོས་མིའི་ལས་གནས་རེ་གསུམ་ཁྲོད་ཀྱི་ལས་གནས་ཉེར་གཅིག་ཐོབ་ནས་ཏང་ཁག་ཆེན་མོ་དང་པོར་གྱུར་ཡང་། དེའི་སྲིད་འཛིན་མནའ་མཐུན་གྲོགས་པོ་ཡར་ཐོན་ཏང་ལ་ལས་གནས་བརྒྱད་ལས་ཐོབ་མེད་པས། སྲིད་འཛིན་མནའ་འབྲེལ་ལ་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་ཐོབ་པའི་ལས་གནས་སྤྱི་གྲངས་ཀྱི་ཕྱེད་ཀ་བརྒལ་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།