མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་གསར་བར་དཔྱད་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་སྐབས་བཅུ་གཅིག་པ་དེ་ཚེས་ཉེར་བརྒྱད་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་ཚོགས་པ་དང་། མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་གསར་བར་དཔྱད་ཞིབ་བྱས།

ཐེངས་འདིའི་གྲོས་ཚོགས་ནི་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་བར་འཚོག་རྒྱུ་ཡིན་པ་རེད། དེའི་སྐབས་སུ་གྲོས་ཚོགས་ནས་མྱུར་དུ་སྲུང་སྐྱོབ་བྱེད་དགོས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་རེ་ཞུ་བྱེད་པའི་རྣམ་གྲངས་ལྔ་དང་། མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་བརྩམས་ཆོས་ཀྱི་མིང་ཐོའི་ནང་རེ་ཞུ་བྱེད་པའི་རྣམ་གྲངས་སོ་བདུན་ལ་དཔྱད་ཞིབ་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདི་རྒྱུན་ལས་གྲོས་ཚོགས་ནས་གཟུགས་འདས་ཤུལ་བཞག་རིག་གནས་རིགས་མི་འདྲ་བར་དཔྱད་ཞིབ་བྱེད་པ་ལས་གཞན་ད་རུང་ཕུལ་དུ་བྱུང་བའི་ལག་ལེན་མིང་ཐོ་དང་རྒྱལ་སྤྱིའི་རོགས་སྐྱོར་སོགས་ལ་དཔྱད་ཞིབ་བྱེད་རྒྱུ་རེད། དེའི་ཞོར་དུ་གྲོས་ཚོགས་ནས་ད་རུང་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་དག་གིས་ཆིངས་ཡིག་ལག་བསྟར་བྱེད་པའི་སྙན་ཞུ་ལ་གྲོས་ཞིབ་བྱེད་རྒྱུ་མ་ཟད། ཉིས་སྟོང་བཅུ་བདུན་ལོར་དཔྱད་ཞིབ་བྱེད་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དང་ཉིས་སྟོང་བཅོ་བརྒྱད་དང་ཉིས་སྟོང་བཅུ་དགུའི་ལོར་དཔྱད་ཞིབ་བྱས་ཆོག་པའི་རེ་ཞུའི་རྣམ་གྲངས་ཁ་གྲངས་གཏན་འཁེལ་བྱས་པ་དང་། མིང་ཐོའི་བར་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཕན་ཚུན་བརྗེ་སྤོར་བྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།