ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སེ་ཕུའུ་ལུའུ་སིའི་རིགས་རྒྱུད་གཉིས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་གཅིག་གྱུར་གྲོས་མོལ་གྱི་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེ་ཕུའུ་ལུའུ་སིའི་བྱང་ཕྱོགས་ཀྱི་ཐུར་ཁེ་རིགས་འཚོ་སྡོད་བྱེད་སར་འཚམས་འདྲི་བྱེད་བཞིན་པའི་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་སེ་ཕུའུ་ལུའུ་སིའི་རིགས་རྒྱུད་གཉིས་ཀྱིས་ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་གི་སྔོན་ལ་གཅིག་གྱུར་གྲོས་མོལ་གྱི་གྲོས་མཐུན་འགོད་པར་རེ་བས་ཁེངས་ཡོད་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་སེ་ཕུའུ་ལུའུ་སིའི་ཐུར་ཁེ་རིགས་ཀྱི་མགོ་ཁྲིད་པ་ཨ་ཁུན་ཀྲི་དང་མཉམ་དུ་ཉེ་སྔོན་གྲུབ་འབྲས་ཅི་ཡང་མ་ཐོབ་པར་གྲོལ་བའི་མངའ་ཁོངས་གནད་དོན་གྱི་གྲོས་མོལ་དང་མ་འོངས་པར་སྤྱོད་པའི་འགུལ་སྐྱོད་ཐས་ནས་གྲོས་མོལ་བྱས། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐུར་ཁེ་ཡིས་གྲོས་མོལ་འཕེལ་རིམ་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། མ་འོངས་པའི་ཉིན་འགའི་ནང་བྱེ་བྲག་གི་འགུལ་སྐྱོད་སྤེལ་རྒྱུ་ཡིན། ཐུར་ཁེ་ཡིས་གྲོས་མོལ་བྱེད་པའི་ཕྱོགས་གཉིས་ཀྱིས་ད་ལོར་གཅིག་གྱུར་གྲོས་མོལ་གྱི་གྲོས་མཐུན་འགོད་པར་རེ་བས་ཁེངས་ཡོད་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཡིས་བདེ་འཇགས་དང་འགན་སྲུང་རྒྱལ་ཁབ་ཀྱི་གནད་དོན་ཀྱི་ཕྱོགས་ལྔའི་གྲོས་ཚོགས་འདུས་པའི་ལམ་ཐིག་འཆར་གཞི་ཞིག་གཏན་འབེབ་བྱེད་འདོད་ཡོད་ཟེར།

ཨ་ཁུན་ཀྲི་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སུའེ་ཙེར་གྱི་གྲོས་མོལ་ནས་གྲོས་མཐུན་འགོད་ཐབས་མ་བྱུང་བའི་རྒྱུ་མཚན་ནི་ཞི་ལཱ་རིགས་ཀྱིས་ཕྱོགས་ལྔའི་གྲོས་ཚོགས་མ་བསྡུས་གོང་ཕྱོགས་གཉིས་ཀྱིས་རང་རང་གིས་ཚོད་འཛིན་བྱེད་པའི་ས་ཁོངས་ཀྱི་རྒྱ་ཁྱོན་དང་མ་འོངས་པར་བྱང་ཕྱོགས་ས་ཁུལ་དུ་ལོག་པའི་ཞི་ལཱ་རིགས་ཀྱི་སྡོད་དམངས་ཀྱི་ཁ་གྲངས་ཐད་ནས་གྲོས་མཐུན་འགོད་ཐུབ་པར་རེ་བ་བཅངས་པས་ཡིན། ཁོས་བསྟན་དོན་གྲོས་མོལ་དེར་རྩ་བ་ནས་ཕམ་ཉེས་བྱུང་མེད་ཟེར།

སེ་ཕུའུ་ལུའུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སེ་ཕུའུ་ལུའུ་སིའི་ཙུང་ཐུང་། ཞི་ལཱ་རིགས་ཀྱི་མགོ་ཁྲིད་པ་ཨ་ནཱ་སི་ཐཱ་ཞཱ་ཅི་སི་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། གཅིག་གྱུར་གྲོས་མོལ་གྱི་གྲོས་མཐུན་འགོད་པའི་རེ་བ་བསྐྱུར་མི་སྲིད་ལ། གང་མགྱོགས་སྒོས་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན་ཟེར།

ཨ་ནཱ་སི་ཐཱ་ཞཱ་ཅི་སི་དང་ཨ་ཁུན་ཀྲི་གཉིས་ཀྱིས་ཟླ་འདིར་སྔ་གཞུག་ཏུ་ཐེངས་གཉིས་ལ་སུའེ་ཙེར་ནས་མངའ་ཁོངས་གནད་དོན་ཐད་ནས་གྲོས་མོལ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་མ་ཐུབ་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།