ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གྲོས་ཁང་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་ཚེས་ཉེར་བཞིའི་ཉིན་འདེམ་ཤོག་ཕངས་ཏེ་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་པའི་ཁྲིམས་འཛུགས་མ་ཡིན་པའི་གྲོས་ཆོད་ལ་གྲོས་མཐུན་བཀོད།

ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་ཉིན་དེར་འདེམ་ཤོག་བཞི་བརྒྱ་དང་དོན་དགུ་འཐད་པ་བྱུང་བ་དང་། འདེམ་ཤོག་སོ་བདུན་གྱིས་ངོ་རྒོལ་བྱེད་པ། འདེམ་ཤོག་བརྒྱ་དང་བདུན་གྱིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་ཆོད་དེར་གྲོས་འཆམ་བྱུང་། དེ་ནི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་ཆོད་ཙམ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོར་མཚོན་ན་བཅའ་ཁྲིམས་ཀྱི་བཀག་རྒྱ་མེད་ཀྱང་། ཡོ་རོབ་གླིང་གྲོས་ཁང་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་རྒྱུ་ཐག་བཅད་པས། ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བར་སྔར་ལས་ངེས་གཏན་མེད་པའི་རྒྱུ་རྐྱེན་བསྐྲུན་ཡོད།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་ཆོད་ལ་ཁ་ཡ་ཙམ་ཡང་བྱེད་ཀྱིན་མི་འདུག ཁོས་ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་མ་བསྡུས་པའི་སྔ་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་མདུན་ནས་ཚད་གཞི་གཉིས་ལྡན་སྤྱོད་བཞིན་ཡོད་པ་དང་། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་རང་འཚང་རེད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་ཉེ་སྔོན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེའི་འབྲེལ་བ་དེ་མིག་སྔར་བཞི་མདོ་ལྟ་བུར་གནས་ཡོད་པ་དང་། ཁོ་མོས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་འོལ་ཚོད་ཀྱིས་མཚམས་འཇོག་པར་རེ་བ་བཅངས་མེད་ཟེར།

ཡོ་རོབ་གླིང་གྲོས་ཁང་གིས་འདེམ་ཤོག་ཕངས་ཏེ་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་བཞག་པ་ནི་གློ་བུར་བའི་དོན་ཞིག་མ་ཡིན། ཡོ་རོབ་གླིང་གྲོས་ཁང་གི་ཏང་ཁག་ཆེན་མོ་མི་དམངས་ཏང་དང་སྤྱི་ཚོགས་ཏང་གིས་ཉེ་སྔོན་བསྟན་དོན། མིག་སྔའི་ཕྱི་ཕྱོགས་ཁོར་ཡུག་ཁྲོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མྱུར་དུ་མཚམས་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།