ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ཚོང་ལས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནས་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ཚེས་ཉེར་གསུམ་ཉིན་སིང་ག་ཕོར་ནས་སྤེལ་བའི་ཚོང་ལས་གླེང་སྟེགས་སྟེང་བསྟན་དོན། ཚོང་ལས་ཀྱི་གཙོ་འཛིན་གྱིས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ནུས་པ་སྔར་ལས་ཆེན་པོ་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་སྣ་བཅུ་བདུན་དངོས་འབེབ་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།

འགན་འཁྲིའི་ཚོང་ལས་གླེང་སྟེགས་སྐབས་ལྔ་བ་དེ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་ཁང་དང་ཁེ་སྤོགས་རང་བཞིན་མ་ཡིན་པའི་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་གྲོས་འདོན་བྱས་ཏེ་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་ཤིང་། གསར་གཏོད་དང་མཉམ་ལས་ཀྱིས་འཛམ་གླིང་ཡོངས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་བརྗོད་སྙིང་དུ་བྱས་ཏེ། ཚོང་ལས་གཙོ་འཛིན་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས། སྲིད་གཞུང་མ་ཡིན་པའི་རྩ་འཛུགས་བཅས་ཀྱི་འཐུས་མི་བཅས་བསྡོམས་པས་མི་བདུན་བརྒྱ་དང་ལྔ་བཅུ་ལྷག་གྲོས་ཚོགས་ལ་ཞུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བའི་ལས་རོགས་པ། ཞོར་དུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་མཁན་ཞུའུ་ཧའོ་ལིང་གིས་གླེང་སྟེགས་སྟེང་བསྟན་དོན། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སྔ་ན་མེད་པའི་འགྲན་རྩོད་བྱུང་ཡོད་པ་དང་། ནམ་ཟླའི་འགྱུར་ལྡོག་དང་། ལོ་ལོན་གྱི་བསྡུར་ཚད་མཐོ་བའི་མི་གྲངས་ཀྱི་རྣམ་པ། མི་རྣམས་ད་ལྟའི་གནས་ཚུལ་ལ་བསམ་འཆར་མང་བ་སོགས་ཀྱིས་མིའི་རིགས་དང་སའི་གོ་ལར་འཇིགས་ཉེན་ཚབས་ཆེན་བཟོ་བཞིན་ཡོད་པས། མི་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ་གསར་གཏོད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ནས། འཕེལ་རྒྱས་ཀྱི་གཏན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱེད་དགོས་ཟེར།

ཞུའུ་ཧའོ་ལིང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་བཤད་པ་ནང་བཞིན་ཁེ་ལས་ཀྱིས་ངེས་པར་དུ་རྒྱུན་མཐུད་ཀྱི་མ་འོངས་པར་བར་བརྒལ་བྱེད་པའི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་འདོན་དགོས་ཟེར།

སིང་ག་ཕོར་རྒྱལ་ཁབ་འཕེལ་རྒྱས་ལས་དོན་པུའུ་ཡི་པུའུ་ཀྲང་ཧོང་ཞོན་ཚེ་ཡིས་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་སྲིད་གཞུང་དང་། ཁེ་ལས། འཛད་སྤྱོད་པས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དངོས་འབེབ་བྱེད་དགོས་ལ། འགན་འཁྲིའི་ཚོང་ལས་གླེང་སྟེགས་ལྟ་བུའི་སྟེགས་བུས་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་གང་ལེགས་བྱེད་པར་ཕན་ཐོགས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་སྙན་ཞུ་ལྟར་ན། མིག་སྔར་རྒྱལ་ནང་གི་སྤྱི་དང་མི་སྒེར་གྱི་དངུལ་གསོག་གིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྤྱི་ཕྱོགས་ཀྱི་མ་དངུལ་རྒྱུན་གྱི་བརྒྱ་ཆའི་གྱ་དགུ་ཟིན་ཡོད། དེ་ལས་རྒྱལ་ནང་གི་དངུལ་གསོག་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་པ་མཚོན་ཡོད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བར། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་གྲོས་ཞིབ་ནས་གྲོས་འཆམ་བྱུང་། གྲོས་རིམ་དེར་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་སྣ་བཅུ་བདུན་འདུས་ཡོད། དེའི་གཙོ་གནད་ནི་དབུལ་ཕོངས་དང་ལྟོགས་སྐོམ་སེལ་བ་དང་། འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་སོགས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།