ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་དང་ཨུ་རུ་སི་ཡིས་རྡོ་སྣུམ་གྱི་ཐོན་ཚད་ལ་ཚོད་འཛིན་བྱེད་པའི་གྲོས་མཐུན་འགོད་པར་རེ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་ནུས་ཁུངས་དང་བཟོ་ལས་ཀྱི་བློན་ཆེན་སཱ་ཏཱ་དང་ཨུ་རུ་སིའི་ནུས་ཁུངས་པུའུ་ཀྲང་ནོའུ་ཝ་ཁི་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོགས་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གཙོ་བོ་དག་གིས་རྡོ་སྣུམ་གྱི་ཐོན་ཚད་ལ་ཚོད་འཛིན་བྱེད་པའི་གྲོས་མཐུན་འགོད་པར་རེ་བ་ཡོད་པའི་ཚུལ་བསྟན།

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་དེའི་ཁོངས་གཏོགས་མ་ཡིན་པའི་རྒྱལ་ཁབ་བཅུ་གཅིག་ཞུགས་པའི་དངོས་གཞི་མིན་པའི་གྲོས་ཚོགས་དེ་ཉིན་དེར་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྤེལ་བ་དང་། སཱ་ཏཱ་ཡིས་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་གཙོ་བོ་རྡོ་སྣུམ་གྱི་ཐོན་ཚད་ལ་ཚོད་འཛིན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། དབྱི་ལིང་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་ཐོན་ཚད་ལ་ཚོད་འཛིན་བྱེད་པའི་གནད་དོན་ཡང་གྲོས་བསྡུར་གྱི་གྲས་སུ་བཞག་ཡོད།

སཱ་ཏཱ་ཡིས་བཤད་རྒྱུར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཟླ་འདིའི་ཟླ་མཇུག་ལ་ཝེ་ཡེ་ནཱ་ནས་དངོས་གཞིའི་གྲོས་ཚོགས་བསྡུས་ཏེ། རྡོ་སྣུམ་གྱི་ཐོན་ཚད་གཏན་འཁེལ་བྱེད་པ་དང་། མ་བཅོས་རྡོ་སྣུམ་གྱི་ཚོང་རའི་མཁོ་འདོན་དོ་མཉམ་ཡོང་བ་སླར་གསོ་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། ཁོས་རྡོ་སྣུམ་གྱི་ཐོན་ཚད་ལ་ཚོད་འཛིན་བྱེད་པའི་གྲོས་མཐུན་འགོད་པར་རེ་བ་ཡོད་པའི་ཚུལ་བསྟན།

ནོའུ་ཝ་ཁི་ཡིས་བསྟན་དོན། ཐེངས་འདིའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་འཛུགས་སྐྲུན་རང་བཞིན་ལྡན་པ་དང་། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་རྡོ་སྣུམ་གྱི་ཐོན་ཚད་ལ་ཚོད་འཛིན་བྱེད་པའི་ལངས་ཕྱོགས་གཅིག་གྱུར་འབྱུང་བཞིན་ཡོད་ཟེར།

ནོའུ་ཝ་ཁི་ཡིས་བཤད་རྒྱུར། ཝེ་ཡེ་ནཱ་ནས་བསྡུ་རྒྱུ་ཡིན་པའི་དངོས་གཞིའི་གྲོས་ཚོགས་སྟེང་། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་དེའི་ཁོངས་གཏོགས་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ལ་ཚོད་འཛིན་བྱེད་པར་གྲོས་འཆམ་བྱུང་བར་ཡིད་ཆེས་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སི་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་གྲོས་མཐུན་བཀོད་དེ་འཛམ་གླིང་ཡོངས་ཀྱི་མ་བཅོས་རྡོ་སྣུམ་གྱི་ཚོང་ར་གཏན་འཇགས་ཡོང་བར་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།