ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་དམག་ཕྱོགས་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་དམག་ཕྱོགས་དང་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚེས་བཅོ་བརྒྱད་ཉིན་ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་དང་དམག་ཕྱོགས་ཀྱི་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་དགུ་ལ་རྨས་ཕོག་ཡོད་ཟེར།

ཧྥེ་ལེ་པེན་གྱི་ཞི་མེན་ལན་བཀོད་འདོམ་པུའུ་ཡི་མགྲིན་ཚབ་པ་ཧྥེ་ལེ་མིན་གྱིས་བཤད་རྒྱུར། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོར་ཨ་པུའུ་ཧྲ་ཡེ་ཧྥུའུ་རྩ་འཛུགས་ཀྱི་ལྷོ་ཕྱོགས་སུའུ་ལུའུ་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་ཞིག་ལ་ཆམ་ཕབ་བཏང་བ་དང་། སྦས་སྐོང་བྱེད་ས་དེར་དྲག་ཆས་ཉེས་ཅན་བརྒྱ་དང་ལྔ་བཅུ་ཙམ་བསྡད་ཡོད་ཟེར།

ཧྥེ་ལེ་མིན་གྱིས་བཤད་རྒྱུར། འཁྲུག་རྩོད་དེ་སྐར་མ་ཞེ་ལྔ་ཙམ་འགོར་བ་དང་། དམག་ཕྱོགས་ཀྱི་ས་ངོས་དམག་དཔུང་གིས་མེ་སྒྱོགས་བེད་སྤྱོད་བྱས་པ་རེད་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བཤད་རྒྱུར། ཨ་པུའུ་ཀྲ་ཡེ་ཧྥུའུ་ཞེས་པའི་རྩ་འཛུགས་ཀྱིས་མིག་སྔར་ཉུང་མཐར་ཡང་མི་གཏའ་ཉེར་གཉིས་བཀག་འཇུག་བྱས་ཡོད་པ་དང་། དེའི་ནང་ཧི་ལན་དང་འཇར་མན་གྱི་གནས་སྐོར་བ་ཡོད་པ་དང་། ཧིན་རྡུ་ཉི་ཞི་ཡཱ་དང་མཱ་ལེ་ཞི་ཡཱ། ཡོ་ནན་བཅས་ཀྱི་གྲུ་བ། ཧྥེ་ལེ་པེན་ས་གནས་རང་གི་མི་འགའ་བཅས་ཡོད་ཟེར།

དེའི་སྔོན་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་རྩ་འཛུགས་ཀྱིས་ཕྱིར་བཏང་བའི་ཧྥེ་ལེ་པེན་གྱི་མི་གཏའ་ཡིས་བཤད་རྒྱུར། སུའུ་ལུའུ་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་དེར་ཁོས་སྔོན་ཆད་བཀག་འཇུག་བྱས་པའི་མི་གཏའ་མང་བོ་མཐོང་མྱོང་ཟེར་ཡང་། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བསྟན་དོན། མི་གཏའ་ཡོད་ཚད་སུའུ་ལུའུ་གླིང་ཕྲན་དུ་བཀག་འཇུག་བྱས་ཡོད་མེད་གསལ་བོར་མི་ཤེས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།