ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ཕྱོགས་ཁག་སོ་སོས་ཐཱ་དབྱེ་ཙི་ནས་འཁྲུག་རྩོད་དྲག་པོ་བྱས་ཏེ་ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཡེ་མིན་གྱི་ཐཱ་དབྱེ་ཙི་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ནས་འཁྲུག་རྩོད་དྲག་པོ་བྱས་ཏེ། ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར། འཁྲུག་རྩོད་དེ་མིག་སྔར་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་འཁྲུག་རྩོད་དྲག་པོའི་ཁྲོད་ཧུའུ་སེ་དྲག་ཆས་པའི་མི་སྣ་ཉེར་གསུམ་བསད་པ་དང་། ལྔ་འཛིན་བཟུང་བྱས། གཞན་ཡང་ཧུའུ་སེ་དྲག་ཆས་པའི་མི་སྣ་མང་བོར་རྨས་ཕོག་ཡོད། སྲིད་གཞུང་དམག་ཕྱོགས་ཀྱི་དམག་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་ཡོད་ཟེར། དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ད་རུང་དམག་དོན་དང་སྲིད་གཞུང་ལས་ཁུངས་ཀྱི་སྒྲིག་ཆས་མང་ཕྱིར་འཕྲོག་ལེན་བྱས་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་མཉམ་འབྲེལ་དམག་དཔུང་མང་བོ་དང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་བཅུ་བདུན་ཉིན་ནས་བཟུང་འགུལ་སྐྱོད་མཚམས་འཇོག་པར་འཐད་པ་བྱུང་ཡོད་ཟེར། དེའི་རྗེས་སུ་ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་མཱ་ལེ་ཁི་ཡིས་གནས་ཚུལ་དེ་ཤེས་མེད་པ་དང་། ཨ་མེ་རི་ཁས་ཧུའུ་སེ་དྲག་ཆས་པའི་བར་གྲོས་མཐུན་འགོད་རྩིས་བྱས་ཀྱང་ཡེ་མིན་སྲིད་གཞུང་དེར་ཞུགས་མེད་ཟེར། ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཧུའུ་སེ་དྲག་ཆས་པ་སཱ་ལེ་ཧི་མནའ་མཐུན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་རྒྱུ་ཁས་ལེན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།