ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་དབྱི་ལིང་གིས་མེ་སྒོར་ཐེར་ཆེན་ཙམ་གྱི་མཚོན་ཆའི་མཁོ་འདོན་གྲོས་མཐུན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་གྲོས་ཁང་གོང་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨོ་ཙེ་ལོ་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཨུ་རུ་སི་དང་དབྱི་ལིང་གིས་མེ་སྒོར་ཐེར་ཆེན་གཅིག་ཙམ་གྱི་མཚོན་ཆའི་ཉོ་བསྡུའི་གྲོས་མཐུན་ལ་གྲོས་བསྡུར་བྱས་པ་དང་། དམག་ཆས་ཉོ་བསྡུའི་ནང་དོན་ལT—90རྟགས་ཅན་གྱི་ཐན་ཁི་འཁོར་ལོ་དང་། མེ་སྒྱོགས་མ་ལག གནམ་གྲུ། གྱེན་འཕུར་གནམ་གྲུ་སོགས་འདུས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱའི་ལས་དོན་ཁང་གི་མགོ་བ་ཁཱ་པུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་ཨུ་རུ་སིའི་མཚོན་ཆ་མང་བོར་སྤྲོ་བ་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཀྱང་དབྱི་ལིང་བར་དམག་དོན་དང་ལག་རྩལ་མཉམ་ལས་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། ཁཱ་པུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་དམག་ཆས་ཉོ་བསྡུའི་གྲོས་མཐུན་བཀོད་རྗེས། ཕྱིན་ཆད་ཀྱི་ལོ་ལྔ་ཙམ་གྱི་ནང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་རེ་ཞུ་བཏོན་ནས་ཆོག་མཆན་ཐོབ་པར་བྱེད་དགོས་ཟེར།

ཟླ་སྔོན་མར། ཨུ་རུ་སི་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་སཱ་ནཱ་དབྱེ་ཡིས་ཨུ་རུ་སིའི་འཁོར་སྐར་གསར་འགྱུར་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་ཨུ་རུ་སིའི་བར་གྱི་འགོག་སྲུང་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་ལོར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་ཆོད་གཅིག་དགུ་གཉིས་དགུ་ལ་གྲོས་མཐུན་བཀོད་དེ། གྲོས་ཆོད་ལས་རྒྱལ་ཁབ་སོ་སོས་དབྱི་ལིང་ལ་ཐན་ཁི་དང་འཐབ་འཛིང་གནམ་གྲུ། དམག་གྲུ་སོགས་མཚོན་ཆ་དང་སྒྲིག་ཆས་ཕྱིར་གཏོང་བྱེད་པར་གཏན་འགོག་བྱེད་པ་དང་། དབྱི་ལིང་གིས་ཉིང་རྡུལ་མཚོན་ཆའི་སྐྱེལ་འདྲེན་ལ་འབྲེལ་བའི་བྱ་སྤྱོད་གང་ཡང་སྤེལ་མི་རུང་བར་གཏན་འཁེལ་བྱས་ཡོད།

དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་ན་ནིང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་བཀོད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལ་གཞིགས་ན། གྲོས་མཐུན་ལག་བསྟར་བྱས་རྗེས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དབྱི་ལིང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱ་དེ་ཆེས་རིང་ན་ལོ་ལྔའི་ནང་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་གི་འཕུར་མདའི་ལག་རྩལ་གཞན་ལ་བརྒྱུད་སྤྲོད་བྱེད་པ་གཏན་འགོག་བྱེད་པའི་བཀའ་རྒྱ་དེ་ཆེས་འཕྱིས་ནའང་ལོ་ངོ་བརྒྱད་ཀྱི་རྗེས་སུ་རྩིས་མེད་དུ་བཏང་ཆོག་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།