ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཨེ་ཅིབ་ལ་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ཀྱི་དངུལ་བུན་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ལག་བསྟར་ཏུང་ཧྲི་ཚོགས་པས་ཉིན་དེར་ཨེ་ཅིབ་ལ་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ཀྱི་དངུལ་བུན་འདོན་སྤྲོད་བྱས་ནས། ཨེ་ཅིབ་དཔལ་འབྱོར་ཉམས་རྒུད་ལས་ཐར་བར་རོགས་རམ་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྐོར་ཐེངས་དང་པོའི་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་ལྔའི་དངུལ་བུན་མྱུར་མོར་རྩིས་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་འཕྲོ་མ་དག་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་དུས་བཅད་དཔྱད་འཇོག་མཇུག་འབྲས་ལ་གཞིགས་ཏེ་མ་འོངས་པའི་ལོ་ངོ་གསུམ་གྱི་ནང་བགོས་ནས་སྟེར་རྒྱུ་རེད་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་བསྟན་དོན། དངུལ་བུན་དེས་ཨེ་ཅིབ་ཀྱིས་ཕྱི་དངུལ་ཚོང་རའི་འཁོར་སྐྱོད་གནས་བབ་ལེགས་བཅོས་བྱེད་པ་དང་། ནོར་སྲིད་འགྲོ་སོང་མང་བོ། དོམ་སོགས་ཇེ་ཉུང་དུ་གཏོང་བར་ཕན་ཐོགས་འབྱུང་སྲིད་ལ། ཨེ་ཅིབ་ཀྱི་བདེ་འཇགས་དྲ་རྒྱར་ཤུགས་སྣོན་བྱས་ཏེ་ཆེ་མཐོང་དཔལ་འབྱོར་བརྟན་འཇགས་ཡོང་བར་བྱས་ནས་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་ལ་ཡར་སྐུལ་གཏོང་བ་མངོན་འགྱུར་བྱེད་ཐུབ་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཅཱ་ཏི་ཡིས་ཚེས་བརྒྱད་ཉིན་ཏུང་ཧྲི་ཚོགས་པས་ཨེ་ཅིབ་ལ་དངུལ་བུན་བསྐྱི་བའི་ལས་གཞིར་ཆོག་མཆན་འགོད་དགོས་པའི་གྲོས་གཞི་བཏོན། ལཱ་ཅཱ་ཏི་ཡིས་བསྟན་དོན། འདས་པའི་ཟླ་ངོ་འགའི་རིང་ལ། ཨེ་ཅིབ་ཀྱིས་བཅོས་བསྒྱུར་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོས། བཅོས་བསྒྱུར་བྱེད་ཐབས་དེ་དག་གིས་ཨེ་ཅིབ་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བ་དང་ལས་གནས་སྔར་ལས་མང་བོ་གསར་སྐྲུན་བྱེད་ཐུབ་པར་རེ་བ་ཡོད་ཟེར།

ད་ལོའི་ཟླ་བརྒྱད་པར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཨེ་ཅིབ་སྲིད་གཞུང་བར་ཐོག་མའི་གྲོས་མཐུན་བཀོད་དེ། ཕྱིན་ཆད་ཀྱི་ལོ་ངོ་གསུམ་ནང་ཨེ་ཅིབ་ལ་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ཀྱི་དངུལ་བུན་འདོན་སྤྲོད་བྱས་ཏེ། ཨེ་ཅིབ་རྒྱལ་ཁབ་དཔལ་འབྱོར་ཉམས་ཉེན་ལས་ཐར་བར་རོགས་རམ་བྱེད་པར་འཐད་པ་བྱུང་ཡོད།

ཉེ་བའི་ལོ་འགའི་རིང་། རྒྱལ་ནང་དུ་འཇིགས་སྐུལ་དོན་རྐྱེན་མང་དུ་བྱུང་བ་དང་། ཆབ་སྲིད་ཟང་ཟིང་དུ་སོང་བར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཕྱོགས་ནས་ཉམས་རྒུད་དུ་འགྲོ་བ་བཅས་ཀྱི་ཤུགས་རྐྱེན་འོག ཨེ་ཅིབ་ཀྱི་ཕྱི་དངུལ་གསོག་ཚད་ཇེ་ཉུང་དུ་སོང་བས། སྲིད་གཞུང་གི་དོམ་དང་ནོར་སྲིད་ཀྱི་འགྲོ་སོང་སྔར་ལས་ཇེ་ཆེར་སོང་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།