ཀྲུང་གོ་བོད་ཀྱི་དྲ་བ།

ཕེའོ་ཅིན་ཧོས་ཀྱིས་ཙུང་ལི་གསར་བའི་མིང་བཏོན་པ་རྩིས་མེད་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་རྒྱལ་ཚོགས་ཀྱི་གྲོས་དཔོན་ཏེན་ཧྲི་ཅོན་དང་གྲོས་མོལ་བྱས་ཏེ། ཆུང་འདྲིས་གྲོགས་མོས་སྲིད་ལ་ཐེ་གཏོགས་བྱས་པའི་དོན་རྐྱེན་སོགས་ལ་གྲོས་བསྡུར་བྱས། ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། གལ་ཏེ་རྒྱལ་ཚོགས་ཀྱིས་ཙུང་ལིའི་འདེམ་མི་གསར་བ་མཚམས་སྦྱོར་བྱས་ན། ཁོ་མོས་དེ་ཙུང་ལི་རུ་བསྐོ་འཇོག་བྱེད་ངེས་ཡིན་ཟེར། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ལས་ཕེའོ་ཅིན་ཧོས་ཀྱིས་སྔོན་མིང་བཏོན་པའི་ཙུང་ལི་གསར་བ་དེ་རྩིས་མེད་དུ་བཏང་བའི་མཚོན་རྟགས་རེད་ཟེར།

ཉིན་དེར་ཞིབ་དཔྱོད་སྡེ་ཁག་གིས་སན་ཞིན་གློག་རྡུལ་ཀུང་ཟིའི་སྤྱི་ཁྱབ་པུའུ་ལ་གློ་བུར་དུ་སྔོག་བཤེར་བྱས་ཏེ། ཀུང་ཟི་དེ་དང་ཆུང་འདྲིས་གྲོགས་མོས་སྲིད་ལ་ཐེ་གཏོགས་བྱས་པའི་དོན་རྐྱེན་བར་གྱི་འབྲེལ་བར་རྟོག་ཞིབ་བྱས། ཞིབ་དཔྱོད་སྡེ་ཁག་གིས་བཤད་པ་ལྟར་ན། ཀུང་ཟི་དེས་ཕེའོ་ཅིན་ཧོས་ཀྱི་ཆུང་འདྲིས་གྲོགས་མོ་ཚོས་ཧྲོན་ཧྲི་ཡི་ཀུང་ཟི་ལ་ཡོ་སྒོར་ས་ཡ་གཉིས་དང་འབུམ་བརྒྱད་ཀྱི་མ་དངུལ་འདོན་སྤྲོད་བྱས་ཏེ། ཁོ་མོའི་བུ་མོར་སྐྱ་རྩལ་སྦྱོང་བར་རོགས་རམ་བྱས་པ་རེད།

ཕེའོ་ཅིན་ཧོས་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ཉེར་བདུན་སྟེང་རྒྱལ་ཚོགས་ཚོམས་ཆེན་དུ་འབྱོར་བ་དང་། དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་དུས་ལྟར་རྒྱལ་ཚོགས་ཀྱི་གྲོས་དཔོན་ཏེན་ཧྲི་ཅོན་དང་གྲོས་མོལ་བྱས། ཆིན་ཝ་ཐེ་ཕྱོགས་ཀྱིས་གྲོས་མོལ་མ་བྱས་གོང་བསྟན་དོན། ཁོ་གཉིས་ཀྱིས་ཙུང་ལི་གསར་བའི་མིང་འདོན་དང་། ཆུང་འདྲིས་གྲོགས་མོས་སྲིད་ལ་ཐེ་གཏོགས་བྱས་པའི་དོན་རྐྱེན་སོགས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པར་བཤད་ཀྱང་། ཐེངས་འདིའི་གྲོས་མོལ་སྐར་མ་བཅུ་གསུམ་ལས་འགོར་མེད།

ཕེའོ་ཅིན་ཧོས་ཀྱིས་གྲོས་མོལ་བྱེད་སྐབས་ཏེན་ཧྲི་ཅོན་ལ་བཤད་རྒྱུར། ངས་གྲོས་དཔོན་ལ་ཐུག་འཕྲད་བྱེད་དོན་ནི་ངས་རྒྱལ་ཁབ་ཀྱི་ལས་དོན་རྒྱུན་ལྡན་དུ་འགྱུར་བར་འགན་ཁུར་དགོས་པས་ཡིན་ཟེར། ཁོ་མོས་བསྟན་དོན། གལ་ཏེ་རྒྱལ་ཚོགས་ཀྱིས་ཙུང་ལི་གསར་བའི་འདེམ་མི་མཚམས་སྦྱོར་བྱས་ན། ཁོ་མོས་དེ་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཏེ། ཙུང་ལི་གསར་བས་ནེ་ཀིའི་བྱ་བ་བསྒྲུབ་ཏུ་འཇུག་འདོད་ཡོད་ཟེར།

བསྒྲགས་པ་ལྟར་ན། ཕེའོ་ཅིན་ཧོས་ཀྱི་གོང་གི་རྣམ་འགྱུར་དེ་ལས་ཁོ་མོའི་སྔོན་གྱི་ཙུང་ལི་གསར་བའི་མིང་འདོན་དེ་རྩིས་མེད་དུ་བཏང་བའི་མཚོན་རྟགས་ཡིན་པར་འདོད། ཕེའོ་ཅིན་ཧོས་ཀྱིས་ཟླ་བཅུ་བའི་ཟླ་མཇུག་ལ་ཙུང་ཐུང་བཞུགས་ཤག་བཅོས་སྒྲིག་བྱས་རྗེས། ཟླ་འདིའི་ཚེས་གཉིས་ཉིན་ཅིན་པེན་ཀྲོན་ཙུང་ལི་གསར་བར་མིང་འདོན་བྱས། ཙུང་ཐུང་བཞུགས་ཤག་གིས་ཕྱི་ལ་ཁྱབ་སྒྲོག་བྱས་དོན། ཕེའོ་ཅིན་ཧོས་ཀྱིས་ཅིན་པེན་ཀྲོན་ལ་འགན་འཁྲི་མང་བོ་ལག་བསྟར་བྱེད་དུ་འཇུག་རྒྱུ་ཡིན་པར་བཤད་ཀྱང་། ཇུས་གཞི་དེར་སྲིད་བཟུང་མེད་པའི་ཏང་གིས་ངོ་རྒོལ་དྲག་པོ་བྱས།

ཅིན་པེན་ཀྲོན་གྱིས་ཟླ་འདིའི་ཚེས་བདུན་ཉིན་བསྟན་དོན། གལ་ཏེ་སྲིད་དབང་བཟུང་མེད་པའི་ཏང་དང་ཆིན་ཝ་ཐེ་གཉིས་ཀྱིས་ཙུང་ལི་གསར་བའི་འདེམ་མིའི་ཐད་ནས་གྲོས་མཐུན་བཀོད་ན། ཁོས་དོན་དེར་བར་ཆད་བཟོ་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།