ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཁྲིམས་ཁང་གིས་སོ་ཏི་ཨ་རབ་ལ་གླིང་ཕྲན་ཕྱིར་སྤྲོད་པའི་གྲོས་མཐུན་དེ་ཡང་བསྐྱར་ནུས་མེད་དུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་སྲིད་འཛིན་ཁྲིམས་ཁང་གིས་ཚེས་བརྒྱད་ཉིན་ཡང་བསྐྱར་བརྡས་ཐག་བཅད་དེ། དེའི་སྔོན་ཨེ་ཅིབ་སྲིད་གཞུང་གིས་བཀོད་པའི་ཏིས་ལིང་དང་སེ་ནཱ་ཧྥེ་ཨར་གླིང་ཕྲན་གཉིས་སོ་ཏི་ཨ་རབ་ལ་དབང་བའི་འབྲེལ་ཡོད་གྲོས་མཐུན་དེ་ནུས་པ་མེད་པ་ཐག་གཅོད་བྱས། 
ཨེ་ཅིབ་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཐག་གཅོད་དེ་ད་ལོའི་ཟླ་དྲུག་པར་ཁྲིམས་ཁང་དེས་བཏོན་པའི་ཆོད་དོན་དང་གཅིག་འདྲ་ཡིན་ལ། ཁྲིམས་ཁང་དེས་ཟླ་བཅུ་གཉིས་པར་གྱོད་དོན་དེར་མཇུག་མཐའི་ཐག་གཅོད་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱིས་ཨེ་ཅིབ་ཏུ་འཚམས་འདྲི་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཨེ་ཅིབ་ཀྱི་ཡཱ་ཁཱ་པཱ་མཚོ་ཁུགས་དང་མཚོ་དམར་གྱི་འབྲེལ་མཚམས་སུ་གནས་པའི་གླིང་ཕྲན་གཉིས་སོ་ཏི་ཨ་རབ་ལ་ཕྱིར་སྤྲོད་པའི་གྲོས་མཐུན་བཀོད་པ་རེད།

འབྲེལ་ཡོད་གྲོས་ཆོད་བཀོད་རྗེས་ཨེ་ཅིབ་མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་སྤེལ་བས། སྲིད་འཛིན་ཁྲིམས་ཁང་གིས་ཟླ་དེའི་ཟླ་མཇུག་ལ་སོ་ཏི་ཨ་རབ་ཀྱི་གླིང་ཕྲན་དེ་གཉིས་ཀྱི་བདག་དབང་མེད་པར་བཟོས་པ་ཁྱབ་སྒྲོག་བྱས་པར་མ་ཟད། ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་གོང་གི་ཐག་གཅོད་དེ་བྱས་པ་རེད།

ཨེ་ཅིབ་སྲིད་གཞུང་གི་ཚབ་བྱེད་པའི་རྒྱལ་ཁབ་ཞུ་གཏུག་ལས་ཁུངས་ཀྱིས་གྲོས་ཆོད་དེ་ཁས་ལེན་མ་བྱས་པར་ཞུ་གཏུག་བྱེད་རྒྱུའི་ཚུལ་བསྟན། སྲིད་འཛིན་ཁྲིམས་ཁང་གིས་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱོད་དོན་དེར་ཐེངས་གཉིས་པར་ཐག་གཅོད་བྱེད་པའི་དུས་ཚོད་རྗེས་སུ་སྣུར་རྒྱུ་ཁྱབ་སྒྲོག་བྱས།
ཏིས་ལིང་དང་སེ་ནཱ་ཧྥེ་ཨར་གླིང་ཕྲན་གཉིས་སུ་ཨེ་ཅིབ་ཀྱི་དམག་དོན་མི་སྣ་དང་། རྒྱལ་ཁབ་མང་བོའི་དམག་དཔུང་དང་ལྟ་ཞིབ་པ་བཅའ་སྡོད་བྱས་ཡོད་ལ། འཐབ་ཇུས་དོན་སྙིང་གལ་ཆེན་ལྡན།

གཅིག་སྟོང་དགུ་བརྒྱ་ཉེར་གསུམ་ལོར་སོ་ཏི་ཨ་རབ་ཀྱིས་དབྱིན་ཇིའི་སྣེ་ཁྲིད་འོག་གླིང་ཕྲན་དེ་གཉིས་རང་ལ་དབང་བ་ར་བྱས། གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ལོར་དབུས་ཤར་གྱི་འཐབ་འཁྲུག་ཐོག་མ་བྱུང་བའི་སྐབས་སུ། ཨ་ཅིབ་ཀྱིས་གླིང་ཕྲན་དེ་གཉིས་ལ་དོ་དམ་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།