ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ལཱའི་ནེ་ཀི་གསར་བས་གཙོ་བོ་དཔལ་འབྱོར་འཕར་སྣོན་དང་དམངས་འཚོ་ལེགས་བཅོས་བྱེད་པར་དོ་སྣང་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ལཱའི་ཙུང་ལི་ཆི་ཕུའུ་ལཱ་སི་དང་ནེ་ཀིའི་ཁོངས་མི་མང་བོས་ཚེས་ལྔ་ཉིན་བསྟན་དོན། ནེ་ཀི་གསར་བས་བྱ་བའི་གཙོ་གནད་དེ་དཔལ་འབྱོར་འཕར་སྣོན་སླར་གསོ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་འཇོག་རྒྱུ་ཡིན་ཟེར།

བཅོས་སྒྲིག་བྱས་པའི་ཞི་ལཱའི་ནེ་ཀི་གསར་བས་ཚེས་ལྔ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། ཆི་ཕུའུ་ལཱ་སི་ཡིས་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་གསར་འགྱུར་ལས་རིགས་ལ་བསྟན་དོན། ང་ཚོར་ཡང་བསྐྱར་མགོ་རྩོམ་པའི་གོ་སྐབས་ཐོབ་ཡོད་པ་དང་། དགོས་ངེས་ཀྱི་སྟོབས་ཤུགས་གསོག་ནས་ཆེས་མཇུག་མཐའི་རྒྱལ་ཁ་ལེན་པར་སྟབས་བདེ་བཟོས་ཡོད་ལ། དེས་ང་ཚོའི་དཔལ་འབྱོར་འཕར་སྣོན་འབྱུང་དུ་འཇལུག་སྲིད་ཟེར།

ནེ་ཀིའི་ཁོངས་མི་མང་བོས་གསར་འགྱུར་ལས་རིགས་ལ་བསྟན་དོན། ནེ་ཀི་གསར་བས་རོགས་སྐྱོར་གྲོས་མཐུན་དང་རྒྱལ་སྤྱིའི་བུན་བདག་གིས་གྲོས་མོལ་བྱས་ཏེ་གཏན་ལ་ཕབ་པའི་བཅོས་བསྒྱུར་ལ་ཡར་སྐུལ་གཏོང་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་མགོ་ཁྲིད་དེ་ལོ་ངོ་བདུན་གྱི་དངུལ་བུན་ཉམས་ཉེན་ལས་ཐར་དུ་འཇུག་རྒྱུ་ཡིན་ཟེར། གསར་དུ་འགན་ཁུར་བའི་མཚོ་ཐོག་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ཁུའུ་ལོན་པུའུ་ལེ་སི་ཡིས་བཤད་རྒྱུར། ཁོས་དཀའ་ཁག་ཡོད་ཚད་ཁྱད་དུ་སེལ་བའི་ཆོད་སེམས་དང་ཡིད་ཆེས་ཡོད་ཟེར།

ཆི་ཕུའུ་ལཱ་སི་ཡིས་ཚེས་བཞིའི་ཉིན་ནེ་ཀི་བཅོས་སྒྲིག་བྱས་པ་དང་། ནོར་སྲིད་པུའུ་ཀྲང་ཁྲ་ཁཱ་ལོ་ཐའོ་སི་སོགས་ནེ་ཀིའི་ཁོངས་མི་གཙོ་བོ་སྔར་མས་སུ་བཞག་ཡོད། ཆབ་སྲིད་དབྱེ་ཞིབ་མི་སྣས་བསྟན་དོན། ཐེངས་འདིའི་ནེ་ཀིའི་བཅོས་སྒྲིག་སྐབས་སུ་དངུལ་བདག་དང་གྲོས་མོལ་བྱེད་པའི་འགན་ཁུར་བའི་ཁོངས་མི་གཙོ་བོ་སྔར་མས་སུ་བཞག་ཡོད་པ་དང་། དེ་ལས་ཆི་ཕུའུ་ལཱ་སི་ཡིས་གང་མགྱོགས་སྒོས་རོགས་སྐྱོར་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྐོར་ཐེངས་གཉིས་པའི་དཔྱད་འཇོག་མཇུག་སྒྲིལ་བ་དང་། སྔ་མོ་ནས་ཞི་ལཱའི་དངུལ་བུན་ཇེ་ཉུང་དུ་གཏོང་བའི་གྲོས་མོལ་མགོ་རྩོམ་པར་རེ་བ་བྱེད་བཞིན་ཡོད་པ་མཚོན་ཐུབ་ཟེར།

ཉེ་བའི་ཟླ་ངོ་འགའི་རིང་། ཞི་ལཱ་སྲིད་གཞུང་གིས་སྐོར་ཐེངས་གསར་བའི་རོགས་སྐྱོར་གྲོས་མཐུན་གཞིར་བཟུང་ནས་གྲོན་ཆུང་དང་བཅོས་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པས། སྲིད་སྐྱོང་བའི་གཡོན་ཕྱོགས་མནའ་འབྲེལ་ཏང་གི་རྒྱབ་སྐྱོར་ཤུགས་ཚད་ཇེ་དམའ་རུ་སོང་བ་དང་། ངོ་རྒོལ་ཏང་དམངས་གཙོ་གསར་བའི་ཏང་གི་རྒྱབ་སྐྱོར་ཤུགས་ཚད་གཡོན་ཕྱོགས་མནའ་འབྲེལ་ཏང་ལས་བརྒལ་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།