ཀྲུང་གོ་བོད་ཀྱི་དྲ་བ།

འཁྱག་གླིང་གི་ཙུང་ཐུང་གིས་སྒེར་ཚུགས་ཏང་གི་ཀྲུའུ་ཞི་ལ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཁྱག་གླིང་གི་ཙུང་ཐུང་ཡོ་ཧན་ནེ་སུང་གིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་དབུས་གཡས་སྲིད་ཏང་སྒེར་ཚུགས་ཏང་གི་ཀྲུའུ་ཞི་པེ་ནེ་ཏིས་ཁི་སུང་ལ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་ཡོད་ཟེར།

འཁྱག་གླིང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཡོ་ཧན་ནེ་སུང་གིས་ཉིན་དེར་པེ་ནེ་ཏིས་ཁི་སུང་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སྒེར་ཚུགས་ཏང་ལ་མིག་སྔར་གྲོས་ཁང་གི་ཆེས་མང་བའི་ལས་གནས་ཐོབ་ཡོད་པ་དང་། ནེ་ཀི་རྩ་འཛུགས་བྱེད་པའི་སྲིད་ཏང་དུ་འགྱུར་སྲིད་པ་མངོན་གསལ་རེད་ཟེར། ཁོས་ཞོར་དུ་ནན་གྱིས་བསྟན་དོན། པེ་ནེ་ཏིས་ཁི་སུང་གིས་མིག་སྔར་དངོས་ཙུང་ལིའི་འགན་ཁུར་མེད་ཟེར།

པེ་ནེ་ཏིས་ཁི་སུང་གིས་བསྟན་དོན། ཁོས་མ་འོངས་པའི་ཉིན་འགའི་ནང་སྲིད་ཏང་གཞན་པའི་མགོ་ཁྲིད་པ་དང་མཉམ་དུ་ནེ་ཀིའི་རྩ་འཛུགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། སྲིད་ཏང་གང་རུང་ལ་མཐའ་གཅིག་ཏུ་གྲོས་ཁང་གི་ལས་གནས་མང་ཤོས་ཐོབ་མེད་པས་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མོལ་ལ་དུས་ཡུན་ངེས་ཅན་ཞིག་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། མིག་སྔར་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མོལ་གྱི་སྒོ་གླེགས་དེ་མི་གང་རུང་ལ་ཡངས་པོར་ཕྱེས་ཡོད་ཟེར།

འཁྱག་གླིང་གིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། སྒེར་ཚུགས་ཏང་དེ་སྲིད་འཛིན་མནའ་འབྲེལ་གྱི་ཁོངས་གཏོགས་ཡིན་པའི་ཆ་ནས། གྲོས་ཁང་གི་ལས་གནས་རེ་གསུམ་ཁྲོད་ལས་གནས་ཉེར་གཅིག་ཐོབ་པ་རེད། སྲིད་འཛིན་མནའ་འབྲེལ་ལ་སྐབས་གསར་བའི་གྲོས་ཁང་ཁྲོད་ཐོབ་པའི་ལས་གནས་དེ་སྤྱི་གྲངས་ཀྱི་ཕྱེད་ལས་བརྒལ་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།