ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་གླེང་སྟེགས་དེ་ལཱ་ཐའོ་ཝེ་ཡཱའི་ཡུག་ཨར་མཱ་ལཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་གླེང་སྟེགས་དེ་ཚེས་ཉེར་གཉིས་ཉིན་ལཱ་ཐའོ་ཝེ་ཡཱའི་མཚོ་འགྲམ་གྲོང་ཁྱེར་ཡུག་ཨར་མཱ་ལཱ་ནས་སྤེལ། བརྗོད་སྙིང་ནི་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་ཏེ། གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཐད་གནས་པའི་འགྲན་རྩོད་དང་ཉིན་རིམ་གསར་བའི་གཏན་འབེབས་ཞེས་པ་དེ་ཡིན།

གླེང་སྟེགས་ཀྱི་གྲོས་གཞི་གཙོ་བོ་ནི་ཤར་ནུབ་ཕྱོགས་ཀྱི་འབྲེལ་བ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་བར་གྱི་འབྲེལ་བ་འདུས། གླེང་སྟེགས་ཀྱི་ཀྲུའུ་ཞི་ཝུའུ་ཨར་པན་ནོའུ་ཝེ་ཆི་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་པ་ནང་བཞིན། ཤར་ནུབ་བར་གྱི་ཕན་ཚུན་ཡིད་ཆེས་མི་བྱེད་པ་དང་། མཉམ་ལས་ལ་རེ་བ་དང་ཡིད་ཆད་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན་པ་དེས་ཕྱོགས་སོ་སོའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།

ཨུ་རུ་སིའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱེ་ཝན་ནོའུ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་པ་དང་། ནུབ་ཕྱོགས་ཀྱི་རྩ་འཛུགས་ལས་ཁུངས་དེ་དག་ཇི་ལྟར་འཕེལ་རྒྱས་སུ་གཏོང་བར་གྲོས་གཞི་བཏོན་པ་སོགས་ནི་ཨུ་རུ་སི་རྒྱལ་ཁབ་ཀྱིས་བསྒྲུབ་ཐུབ་པ་ཞིག་མིན་ཟེར། ལས་ཁུངས་དེ་དག་གི་མིག་སྔའི་གནས་ཚུལ་ད་ལྟའི་དངོས་ཡོད་ཀྱི་རེ་བ་དང་མི་འཚམ་པ་དང་། བརྟན་འཇགས་དང་བདེ་འཇགས། དར་རྒྱས་བཅས་ཀྱི་ཡོ་རོབ་གླིང་འཛུགས་སྐྲུན་བྱེད་པའི་རྨང་གཞིར་འགྱུར་མི་རུང་།

ལཱ་ཐའོ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཡི་རྒྱལ་སྲིད་དྲུང་ཡིག་པེ་ཏི་ཀའོ་ཝེ་ཆི་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་འབྲེལ་བ་ཆེས་དམའ་བའི་ཡིད་ཆེས་ཀྱི་ཆུ་ཚད་དུ་གནས་ཡོད། ལཱ་ཐའོ་ཝེ་ཡཱ་དང་ཨུ་རུ་སི་ཡི་མཐའ་མཚམས་མཉམ་ལས་གནད་དོན་ཐད་ཀྱི་གྲོས་མོལ་སྲུང་འཛིན་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་དམངས་གནས་སྐོར་གྱི་བརྩོན་སེམས་ཀྱང་སླར་གསོ་བྱེད་བཞིན་ཡོད་ཀྱང་། ས་གནས་ཀྱི་ཆབ་སྲིད་གནད་དོན་གལ་ཆེན་ཐད་ནས་རྩ་བའི་འགལ་བ་ཐག་གཅོད་ཐོབ་མེད་ཟེར།

ཐེངས་འདིའི་གླེང་སྟེགས་ལ་ཞུགས་མཁན་ལ་ཨུ་རུ་སི་དང་ཨ་མེ་རི་ཁ། ལཱ་ཐའོ་ཝེ་ཡཱ། ལི་ཐའོ་ཝན། ཧང་ག་རི། ཧྥུན་ལན་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས་དང་ཆེད་མཁས་པ་སོགས་མི་ཉིས་བརྒྱ་ལྷག་ཡོད།

པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་གླེང་སྟེགས་དེ་ལཱ་ཐའོ་ཝེ་ཡཱ་དང་ཨུ་རུ་སི། ཨ་མེ་རི་ཁ། འཇར་མན་སོགས་རྒྱལ་ཁབ་ཀྱི་ཞིབ་འཇུག་ལས་ཁུངས་ཀྱི་མིང་གྲགས་ཅན་གྱི་ཆེད་མཁས་པས་སྤེལ་བ་ཡིན་ཞིང་། ཆེས་ཐོག་མར་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་དང་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་གྲོས་གཞི་གཙོ་བོར་བྱས་པ་དང་། ད་ལྟ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།