ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་མའོ་སུའུ་ཨར་བཅིངས་འགྲོལ་བྱེད་པའི་འགུལ་སྐྱོད་ལ་གཟའ་འཁོར་འགའི་དུས་ཚོད་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་དཔུང་གི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཀྱི་བཀོད་འདོམ་དཔོན་པོ་ཐང་སིན་གྱིས་ཚེས་བཅུ་བདུན་ཉིན་ཁི་ཝེ་ཐི་ནས་བརྙན་རིས་གཏམ་བཤད་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་སྤེལ་བའི་མའོ་སུའུ་ཨར་བཅིངས་འགྲོལ་བྱེད་པའི་འགུལ་སྐྱོད་ལ་གཟའ་འཁོར་འགའི་དུས་ཚོད་དགོས་པ་དང་། རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་དབྱི་རག་དམག་དཔུང་ལ་མེ་ཤུགས་ཀྱི་རོགས་སྐྱོར་དང་གསང་འཕྲིན་ཐད་ནས་རོགས་རམ་བྱེད་རྒྱུ་ཡིན་ཟེར།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་ཁྱབ་སྒྲོག་བྱས་དོན། དབྱི་རག་བདེ་འཇགས་དམག་དཔུང་གིས་མའོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས་ཟེར། དེའི་སྔོན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མའོ་སུའུ་ཨར་གྲོང་ཁྱེར་བཙན་བཟུང་བྱས་ཏེ་ལོ་གཉིས་ལྷག་འགོར་ཡོད།

ཐང་སིན་གྱིས་ཚེས་བཅུ་བདུན་ཉིན་ཁི་ཝེ་ཐི་རུ་ཡོད་པའི་ཨ་མེ་རི་ཁའི་དམག་སྒར་ཞིག་ནས་བརྙན་རིས་གཏམ་བཤད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འདས་པའི་ལོ་གཉིས་ཀྱི་ནང་མའོ་སུའུ་ཨར་གྲོང་ཁྱེར་གྱི་མང་ཚོགས་ལ་ཡ་ང་བའི་དྲག་སྤྱོད་ལག་བསྟར་བྱས་པ་དང་། ས་ཁུལ་དེ་རྩ་འཛུགས་དེའི་དབྱི་རག་མངའ་ཁོངས་ཀྱི་རྒྱལ་ས་ལྟ་བུར་བྱས་པ་རེད་ཟེར། ཁོས་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་ཆེད། ཨ་མེ་རི་ཁས་རྒྱལ་ཁབ་དྲུག་ཅུ་ལྷག་ཞུགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་བཙུགས་པ་དང་། རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་དབྱི་རག་གི་དམག་མི་ཁྲི་ལྔ་དང་སྟོང་བཞི་ལྷག་ལ་སྦྱོང་བརྡར་བྱས་ཡོད་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་གནད་ལ་ཕོག་པའི་ཆམ་ཕབ་ཐེངས་ཁྲི་ཕྲག་ལྷག་ལ་སྤེལ་མྱོང་ཟེར།

ཐང་སིན་གྱིས་བཤད་རྒྱུར། མའོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་བྱེད་པའི་འགུལ་སྐྱོད་ཁྲོད། ཨ་མེ་རི་ཁའི་དམག་དཔུང་དང་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་དམག་དཔུང་གིས་མུ་མཐུད་དུ་དབྱི་རག་གི་དམག་དཔུང་ལ་བར་སྣང་འཇབ་རྒོལ་དང་མེ་སྒྱོགས། གསང་འཕྲིན། འཐབ་རྩལ་བློ་འདྲི་སོགས་ཀྱི་ཐད་ནས་རོགས་འདེགས་བྱེད་རྒྱུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་འགུལ་སྐྱོད་ལ་ཞུགས་པའི་ས་ངོས་དམག་དཔུང་ཚང་མ་དབྱི་རག་གི་དམག་མི་ཡིན་ཟེར།

ཁོས་བསྟན་དོན། དེ་ནི་དཀའ་ཚེགས་ཆེ་ཞིང་དུས་ཡུན་འགོར་བའི་འཐབ་འཁྲུག་ཅིག་ཡིན། ཐེངས་འདིའི་འཐབ་འཁྲུག་དུས་ཡུན་ཅི་ཙམ་འགོར་བ་མིག་སྔར་ད་རུང་ཚོད་དཔག་གསལ་བོར་བྱེད་དཀའ་ཡང་། གྲ་སྒྲིག་གང་ལེགས་བྱས་པའི་དབྱི་རག་དམག་དཔུང་གིས་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གི་རོགས་འདེགས་འོག་མཇུག་མཐའི་རྒྱལ་ཁ་ལེན་སྲིད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁུའུ་ཁི་ཡིས་ཚེས་བཅུ་བདུན་ཉིན་ཟུར་ལྔའི་ཐོག་ཁང་ཆེན་མོ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་སྟོང་ལྔ་ཙམ་ཡོད། ཁོ་ཚོའི་ལས་འགན་ནི་སྔར་བཞིན་དབྱི་རག་དམག་དཔུང་གི་འགུལ་སྐྱོད་ལ་རོགས་འདེགས་བྱེད་པ་ལས་ཐད་ཀར་དུ་མའོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་བྱེད་པའི་ས་ངོས་ཀྱི་འགུལ་སྐྱོད་ལ་ཞུགས་མི་སྲིད་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཕཱ་ཆི་རྟགས་ཅན་གྱི་དྲག་ཆས་གྱེན་འཕུར་གནམ་གྲུས་དབྱི་རག་གི་དམག་དཔུང་གི་འཐབ་འཁྲུག་ལ་རོགས་འདེགས་བྱེད་སྲིད་ཟེར།

ཁུའུ་ཁི་ཡིས་བསྟན་དོན། ཉིན་དང་པོའི་འཐབ་འཁྲུག་གནས་ཚུལ་ལ་བལྟས་ན། དབྱི་རག་དམག་དཔུང་གི་འགུལ་སྐྱོད་ཅུང་བདེ་བླག་ཡིན་པ་དང་། དེའི་སྔོན་གཏན་འབེབས་བྱས་པའི་འགུལ་སྐྱོད་དམིགས་འབེན་སྔ་སྣུར་གྱིས་མངོན་འགྱུར་བྱས་ཡོད་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།