ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཡུལ་གྱར་བ་ཕྱིར་ལྡོག་པའི་བྱ་བ་སྤེལ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅོ་ལྔ་ཉིན་བསྟན་དོན། རྒྱལ་ཁབ་དེས་སྔོན་རེ་ཞུ་དང་ལེན་མ་བྱས་པའི་མི་སྣའི་ཕྱིར་ལྡོག་གི་བྱ་བ་སྤེལ་བ་དེ་འདྲའི་ཤུགས་དང་ལྡན་པ་ཞིག་མིན་ཟེར། ཁོ་མོས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲིག་སོ་སོས་མཉམ་དུ་འབད་བརྩོན་བྱེད་པ་དགོས་པ་ལས་ཕན་ཚུན་ལ་ལེ་བདའ་བྱེད་མི་རུང་བའི་རེ་བ་བཏོན། ཁོ་མོས་ད་རུང་བསྟན་དོན། ན་ནིང་འཇར་མན་དུ་ཡོང་བའི་ཡུལ་གྱར་བ་འབུམ་བརྒྱད་དང་ཁྲི་དགུ་ཙམ་གྱི་བཅུ་ཆའི་དྲུག་ཙམ་ལ་འཇར་མན་གྱི་ཡུལ་གྱར་བའི་ཐོབ་ཐང་ཐོབ་ཡོད་ཟེར།

མའོ་ཁི་ཨར་ཉིན་དེར་ཕཱ་ཏི་པའོ་ཨིན་ནས་འཇར་མན་མནའ་འབྲེལ་ཏང་ན་གཞོན་མནའ་འབྲེལ་ཚོགས་ཆེན་ལ་ཞུགས་ཏེ་སྲིད་འཛིན་པའི་མནའ་འབྲེལ་ཏང་གི་ན་གཞོན་རྐང་འཛིན་པར་གཏམ་བཤད་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

གཏམ་བཤད་སྤེལ་སྐབས་མའོ་ཁི་ཨར་གྱིས་བློ་བརྟན་འགྱུར་མེད་ཀྱིས་དང་ལེན་མ་བྱས་པའི་ཡུལ་གྱར་བ་དེ་དག་ཕྱིར་ལྡོག་དགོས་པའི་རེ་བ་བཏོན། ཁོ་མོས་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ཀྲིག་སོ་སོའི་བར་ལེ་བདའ་བྱེད་པ་ནི་རུང་བའི་ལས་ཤིག་མིན། རྒྱུ་མཚན་ནི་མང་ཚོགས་ཀྱིས་མཐོང་འདོད་པ་ནི་གྲུབ་འབྲས་ཡིན་ཟེར།

འཇར་མན་སྲིད་གཞུང་གིས་ཉེ་སྔོན་བཟོ་བཅོས་བྱས་པའི་ཁ་གྲངས་ལྟར་ན། ན་ནིང་གསར་དུ་འཇར་མན་དུ་ཐོབ་པའི་ཡུལ་གྱར་བ་བ་འབུམ་བརྒྱད་དང་ཁྲི་དགུ་ཙམ་ཡོད་པ་དང་། དེའི་ནང་མང་ཆེ་བ་ནི་སི་རི་ཡཱ་ནས་ཡོང་བ་རེད། མའོ་ཁི་ཨར་གྱིས་བསྟན་དོན། ཡུལ་གྱར་བ་དེ་དག་གི་རེ་ཞུར་ཆོག་མཆན་ཐོབ་ཚད་བརྒྱ་ཆའི་དྲུག་ཅུ་ཙམ་ཡིན། འཇར་མན་དུ་སྡོད་པར་ཆོག་མཆན་ཐོབ་པའི་ཡུལ་གྱར་བའི་ཐད་ནས་ཁོ་མོས་ནན་གྱིས་བསྟན་དོན། འཇར་མན་གྱིས་ཕྱོགས་ཁག་གཅིག་ནས་ངེས་པར་དུ་རོགས་རམ་བྱས་ཏེ་སྒོ་འབྱེད་སྲུང་འཛིན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ངེས་པར་དུ་ཁོ་ཚོར་རེ་བ་འདོན་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།