ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱའི་ནུས་ཁུངས་ལས་དོན་གྱི་མགོ་ཁྲིད་པས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཐོན་རྫས་བཀག་སྡོམ་གྲོས་མཐུན་འགོད་པར་རེ་བ་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་ནུས་ཁུངས་ལས་དོན་གྱི་མགོ་ཁྲིད་པ་པུའུ་ཐཱ་ཧྥ་ཡིས་ཚེས་ཉེར་ལྔ་ཉིན་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཉེ་ལམ་ཐོན་རྫས་བཀག་སྡོམ་གྲོས་མཐུན་འགོད་པར་ཡིད་ཆེས་ཀྱི་རྣམ་འགྱུར་བཟུང་ཡོད།
པུའུ་ཐཱ་ཧྥ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྐབས་བཅོ་ལྔ་བའི་རྒྱལ་སྤྱིའི་ནུས་ཁུངས་གླེང་སྟེགས་དེ་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་ཨར་ཅིར་ནས་ཚོགས་རྒྱུ་ཡིན་པ་དང་། དེའི་སྐབས་སུ་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་དངོས་གཞི་མིན་པའི་གྲོས་ཚོགས་སྤེལ་རྒྱུ་རེད་ཟེར། ཁོས་བསྟན་དོན། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་རྡོ་སྣུམ་ཕྱིར་གཏོང་གི་ཚད་གཞིའི་ཐད་ནས་གྲོས་མཐུན་བཀོད་དེ་རྒྱལ་སྤྱིའི་རྡོ་སྣུམ་གྱི་རིན་གོང་གཏན་འཇགས་སུ་གཏོང་སྲིད་ཟེར།

པུའུ་ཐཱ་ཧྥ་ཡིས་བཤད་རྒྱུར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཉིན་རེའི་ཐོན་ཚད་ཟོ་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བཞི་ལ་བསླེབ་ཡོད། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་དེའི་ཁོངས་གཏོགས་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་དག་གིས་ཐོན་ཚད་ལ་ཚོད་འཛིན་བྱས་ཏེ་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་གཏན་འཇགས་སུ་གཏོང་དགོས་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་དེ་ཟོ་རེར་མེ་སྒོར་ལྔ་བཅུ་ནས་དྲུག་ཅུ་ཡིན་ན་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་གང་ལ་མཚོན་ནའང་དང་ལེན་བྱེད་ཐུབ་པ་ཞིག་རེད་ཟེར།

པུའུ་ཐཱ་ཧྥ་ཡིས་ད་རུང་བཤད་རྒྱུར། གལ་ཏེ་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་གཅིག་གྱུར་འཐད་པ་བྱུང་ན། ཨར་ཅིར་ནས་བསྡུ་རྒྱུ་ཡིན་པའི་དངོས་གཞི་མིན་པའི་གྲོས་ཚོགས་དེ་རྩ་འཛུགས་དེའི་དངོས་གཞིའི་གྲོས་ཚོགས་ཤིག་ཏུ་བསྒྱུར་ཆོག་ཟེར།

རྒྱལ་སྤྱིའི་ནུས་ཁུངས་གླེང་སྟེགས་ནས་ནུས་ཁུངས་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་ཀྱི་གྲོས་མོལ་ལ་ཡར་སྐུལ་བྱས་ཤིང་། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཚོང་རའི་གསལ་ཚད་ཇེ་ཆེར་བཏང་སྟེ། རྒྱལ་སྤྱིའི་ནུས་ཁུངས་ཚོང་རའི་གཏན་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱེད་དགོས་པའི་འདོད་བློ་བཏོན་ཡོད། རྒྱལ་སྤྱིའི་ནུས་ཁུངས་གླེང་སྟེགས་ནས་བསྒྲགས་པ་ལྟར་ན། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་ཀྱི་ཁོངས་གཏོགས་དང་བཅས་པའི་རྒྱལ་ཁབ་བདུན་ཅུ་ལྷག་གིས་ཐེངས་འདིའི་གླེང་སྟེགས་ལ་དཔོན་རིགས་དང་ཆེད་མཁས་པ་མངག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།