ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་གིས་མ་བཅོས་རྡོ་སྣུམ་གྱི་ཚོང་ར་གཏན་འཇགས་ཡོང་བ་དང་རྡོ་སྣུམ་གྱི་རིན་གོང་འཕར་བའི་བྱེད་ཐབས་གང་རུང་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཏི་ཧེ་ལན་གྱིས་འཛམ་གླིང་ཡོངས་ཀྱི་མ་བཅོས་རྡོ་སྣུམ་གྱི་ཚོང་ར་གཏན་འཇགས་ཡོང་བ་དང་མ་བཅོས་རྡོ་སྣུམ་གྱི་རིན་ཐང་ཇེ་མཐོར་གཏོང་བའི་བྱེད་ཐབས་གང་རུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ལུའུ་ཧཱ་ནེ་ཡིས་ཝེ་ནེ་ཙེའུ་ལཱ་ནས་བསྡུས་པའི་མནའ་འབྲེལ་མིན་པའི་འགུལ་སྐྱོད་ཀྱི་གྲོས་ཚོགས་ལ་ཞུགས་སྐབས་ཨིག་ཀྭ་ཏོར་གྱི་ཙུང་ཐུང་ཁི་ལོས་ཡཱ་ལ་ཐུག་འཕྲད་བྱེད་དུས་གོང་གི་སྐད་ཆ་དེ་བཤད་པ་རེད།

ལུའུ་ཧཱ་ནེ་ཡིས་བསྟན་དོན། མ་བཅོས་རྡོ་སྣུམ་གྱི་རིན་གོང་གཏན་འཇགས་མིན་པ་དང་རིན་གོང་མར་འཆག་པ་ལས་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་དང་བཅས་རྒྱལ་ཁབ་ཚང་མར་གནོད་པ་ཐེབས་ཡོད། དེ་བས་དབྱི་ལིང་གིས་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཚང་མའི་བར་འདྲ་མཉམ་དང་དྲང་བདེན་གྱི་ཐོན་ཚད་བགོ་བཤའ་བྱེད་པ་རྨང་གཞིར་བྱས་ཤིང་མ་བཅོས་རྡོ་སྣུམ་གྱི་ཚོང་ར་གཏན་འཇགས་ཡོང་བ་དང་མ་བཅོས་རྡོ་སྣུམ་གྱི་རིན་གོང་ཇེ་མཐོར་གཏོང་བར་དམིགས་པའི་བྱེད་ཐབས་གང་རུང་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

དབྱི་ལིང་གིས་སྔོན་ཆད་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ལ་ཚོད་འཛིན་བྱེད་པར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་དང་བསྡུར་ན། ལུའུ་ཧཱ་ནེ་ཡིས་ཐེངས་འདིའི་རྣམ་འགྱུར་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དབྱེ་ཞིབ་པས་བཤད་རྒྱུར། ཨིག་ཕའེ་ཁི་རྩ་འཛུགས་ཀྱི་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གསུམ་པ་ཡིན་པའི་ཆས་ནས། དབྱི་ལིང་གིས་ད་ལོའི་ཟླ་དང་པོ་ནས་བཟུང་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་བཏང་བའི་ཚུན་ལ་ནམ་རྒྱུན་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཇེ་མང་དུ་གཏོང་བར་བརྩོན་བཞིན་ཡོད་པ་དང་། ཨིག་ཕའེ་ཁི་རྩ་འཛུགས་དང་ཨུ་རུ་སི་སོགས་ཨིག་ཕའེ་ཁི་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་དག་གཙོ་བྱས་པའི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཚོད་འཛིན་བྱེད་པའི་གྲོས་གཞིར་རྒྱབ་སྐྱོར་མ་བྱས། ཡིན་ཡང་དབྱི་ལིང་གི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཟླ་དགུ་བའི་ཟླ་མགོར་རིམ་བཞིན་བཀག་སྡོམ་བྱེད་ཐབས་མ་སྤྱད་གོང་གི་ཆུ་ཚད་དུ་བསླེབ་པ་དང་བསྟུན་ནས། དབྱི་ལིང་གི་ངོ་རྒོལ་ལངས་ཕྱོགས་དེར་འགྱུར་ལྡོག་འབྱུང་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།