ཀྲུང་གོ་བོད་ཀྱི་དྲ་བ།

དབྱེ་ཅཱ་ཐིའི་མགོ་གཙོའི་གྲོས་ཚོགས་ནས་སོ་མཱ་ལི་ཡིས་རང་དབང་དང་འདྲ་མཉམ་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་དབྱེ་ཅཱ་ཐིའི་དམིགས་བསལ་མགོ་གཙོའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ཚེས་བཅུ་གསུམ་ཉིན་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་སྤེལ་བ་དང་། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་སོ་མཱ་ལི་ནས་རང་དབང་དང་འདྲ་མཉམ་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ་སྔ་མོ་ནས་ཞི་བདེ་དང་འཕེལ་རྒྱས་མངོནའ་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

དེ་ནི་དབྱེ་ཅཱ་ཐི་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ཐོག་དང་པོར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ནས་སྤེལ་བའི་མགོ་གཙོའི་གྲོས་ཚོགས་རེད། སོ་མཱ་ལི་དང་ཨེ་ཙེ་ཨོ་ཕུ་ཡཱ། ཁུན་ནེ་ཡཱ། ཝུ་ཀན་ཏཱ་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཡོད།

ཉིན་དེར་སྤེལ་བའི་མཉམ་འབྲེལ་སྤྱི་སྒྲོག་ཁྲོད་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་སོ་མཱ་ལིའི་སྲིད་གཞུང་གིས་མངོན་གསལ་དང་ཡིད་རྟོན་རུང་བའི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁས་ལེན་བྱས་པར་དགའ་བསུ་ཞུས་པ་དང་། འདེམ་བསྐོའི་བྱ་འགུལ་དེ་གཏན་འཁེལ་བྱས་པའི་ཉིན་རིམ་ལྟར་སྤེལ་བའི་རེ་བ་བཏོན་པ་དང་། སོ་མཱ་ལིའི་མི་དམངས་འདེམ་བསྐོའི་བྱ་འགུལ་ནང་ཞུགས་དགོས་པའི་སྐུལ་མ་བཏང་།

སོ་མཱ་ལིའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨོ་མཱ་ཨར་གྱིས་ཟླ་སྔོན་མར་ཁྱབ་སྒྲོག་བྱས་དོན། སོ་མཱ་ལིའི་གྲོས་ཁང་གི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་ནས་ཟླ་བཅུ་བའི་ཚེས་བཅུའི་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། གྲོས་ཁང་གོང་མའི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་སྤེལ་རྒྱུ་ཡིན་ལ། ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་སྤེལ་རྒྱུ་ཡིན་ཟེར།

གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་ད་རུང་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉེ་སྔོན་སོ་མཱ་ལི་ནས་འཇབ་རྒོལ་དོན་རྐྱེན་བཟོས་པར་རྒོལ་གཏམ་བཏང་བ་དང་། ཨ་ཧྥེ་རི་ཁ་རྒྱལ་ཁབ་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པས་འདེམ་བསྐོའི་བརྒྱུད་རིམ་ཁྲོད་དགོས་ངེས་ཀྱི་བདེ་འཇགས་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱེ་ཅཱ་ཐིའི་རེས་སྐོར་ཀྲུའུ་ཞི། ཨེ་ཙེ་ཨོ་ཕུ་ཡཱའི་ཙུང་ལི་ཧེ་ཨར་མཱ་ལི་ཡཱ་མུའུ་ཡིས་གྲོས་ཚོགས་སྟེང་ཞུ་ཚིག་འབུལ་སྐབས། ས་ཁུལ་དེའི་རྒྱལ་ཁབ་སོ་སོའི་ཧུར་ཐག་སྒོས་སོ་མཱ་ལི་ནས་སྔ་མོ་ནས་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱེ་ཅཱ་ཐི་ནི་གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོར་བཙུགས་པ་དང་། ཅི་པུའུ་ཐིས་དང་། སོ་མཱ་ལི། ཁུན་ནེ་ཡཱ། ཝུ་ཀན་ཏཱ། ཨེ་ཙེ་ཨོ་ཕུ་ཡཱ། སུའུ་ཏན། སུའུ་ཏན་ལྷོ་མ་བཅས་ཁོངས་གཏོགས་རྒྱལ་ཁབ་བདུན་ཡོད། ཉེ་བའི་ལོ་འགའི་རིང་ལ། དབྱེ་ཅཱ་ཐི་ཡིས་སུའུ་ཏན་ལྷོ་མ་དང་སོ་མཱ་ལི་སོགས་ས་ཁུལ་གྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།