ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོའི་གནས་སྐོར་ཡུལ་ལྗོངས་མང་པོར་བསྟུད་མར་འགས་གཏོར་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཐེ་གོའི་ཉེན་རྟོག་ཕྱོགས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་གྱི་དུས་ཚོད་ཉེར་བཞིའི་ནང་དུ། ཐེ་གོ་ནས་འགས་གཏོར་དོན་རྐྱེན་མང་པོ་བྱུང་བ་དང་། འགས་གཏོར་བྱུང་སའི་ནང་དུ་གནས་སྐོར་ཡུལ་ལྗོངས་གྲགས་ཅན་ཕུའུ་ཅི་གླིང་ཕྲན་དང་ཧྭ་ཞིན་སོགས་འདུ་ལ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཟེར། ཐེ་གོའི་དམག་ཕྱོགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན་འགས་གཏོར་འཇབ་རྒོལ་དེ་དག་ནི་མི་འགས་མཉམ་ལས་བྱས་ཏེ་སྤེལ་བ་རེད་ཟེར། ཐེ་གོའི་ཙུང་ལིས་འཇབ་རྒོལ་དོན་རྐྱེན་དེ་དག་ལ་ཇུས་འགོད་བྱེད་མཁན་གྱིས་ཐེ་གོའི་བརྟན་འཇགས་ཀྱི་གནས་བབ་ལ་གཏོར་བརླག་བྱེད་འདོད་པ་རེད་ཅེས་བཤད།

ས་དེའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉི་ཤུའི་སྟེང་། ཐེ་གོའི་ལྷོ་ཕྱོགས་ཀྱི་ཏུང་ལེ་ས་ཆའི་ལམ་འགྲམ་གྱི་ཁྲོམ་ར་ཞིག་ནས་འགས་གཏོར་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག

ཉིན་དེའི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་བཅོ་ལྔའི་སྟེང་། མཚོ་འགྲམ་གྱི་གནས་སྐོར་གྲོང་ཁྱེར་ཧྭ་ཞིན་ནས་འགས་གཏོར་དོན་རྐྱེན་གཉིས་བྱུང་ལ། འགས་གཏོར་བྱུང་ས་ནི་ཕྱི་རྒྱལ་གྱི་གནས་སྐོར་པ་འདུ་སའི་ཆང་ཁང་མང་ས་རེད། འགད་རྫས་ནི་ལག་ཁྱེར་ཁ་པར་གྱིས་འགས་གཏོར་བཏང་བ་ཡིན་ལ། འགད་རྫས་དང་པོ་དེ་ཆང་ཁང་ཞིག་གི་མདུན་ནས་འགས་གཏོར་བཏང་བ་དང་། ཆུ་ཚོད་ཕྱེད་ཀ་འགོར་རྗེས་འགད་རྫས་གཉིས་པ་དེ་ཐེངས་དང་པོར་འགས་གཏོར་བྱུང་ས་དང་བར་ཐག་རྨིད་བརྒྱ་ཙམ་ལས་མེད་པའི་ས་ཁུལ་ནས་འགས་གཏོར་བཏང་། འགས་གཏོར་ཁྲོད་ནས་ཐེ་གོའི་བུད་མེད་ཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག

ཕྱི་རྒྱལ་གྱི་གནས་སྐོར་མགྲོན་པོ་པུའུ་ལེ་ཐི་ཡིས་བཤད་རྒྱུར། ཐེངས་དང་པོར་འགས་གཏོར་འབྱུང་སྐབས་ཁོ་ཆང་ཁང་ནང་དུ་ཡོད་པ་དང་། འགས་གཏོར་གྱི་སྒྲ་གོ་མ་ཐག་མི་ཚང་མ་སྐྲག་སྣང་སྐྱེས་སོང་། ཁོས་སྒེའུ་ཁུང་གི་ཕྱི་རུ་བལྟས་པ་ན་མི་རྣམས་ཕྱོགས་བཞིར་འབྲོ་བཞིན་འདུག ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཁོ་ཕྱིར་མགྲོན་ཁང་དུ་འགྲོ་སྐབས་ལམ་བར་ནས་མི་མང་པོར་རྨས་ཕོག་ཡོད་པ་མཐོང་ལ། ཆང་ཁང་མང་སའི་ས་ཆ་དེ་ཉེན་རྟོག་པས་བཀག་སྡོམ་བྱས་འདུག་ཟེར། འཇབ་རྒོལ་གྱི་གནས་ཚུལ་མཐོང་མཁན་ཨེ་ཏི་ཝུན་ཝེ་ཁི་ཟེར་བ་དེས་རྨས་མའི་ནང་དུ་ཕྱི་རྒྱལ་གྱི་གནས་སྐོར་པ་ཡང་འདུག་ཟེར།

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་ལྷག་གི་སྟེང་། ཐེ་གོའི་ལྷོ་ཕྱོགས་ཀྱི་སུའུ་ལེ་ཐ་ཉི་ས་ཆའི་ཉེན་རྟོག་ཁང་གཉིས་ཀྱི་སྒོ་མདུན་ནས་འགས་གཏོར་ཐེངས་གཉིས་ལ་བྱུང་བ་དང་། དེ་གཉིས་ཀྱི་དམིགས་འབེན་ནི་སོ་སོར་ས་ཆ་དེའི་ཉེན་རྟོག་ཁང་དང་མཚོ་དོན་ཉེན་རྟོག་ཁང་གཉིས་རེད། འགས་གཏོར་ཁྲོད་ནས་མི་གཅིག་རྐྱེན་ལམ་དུ་ཤོར།

དེ་དང་ཕལ་ཆེར་དུས་མཉམ་དུ། ཧྭ་ཞིན་གྲོང་ཁྱེར་གྱི་མཆོད་རྟེན་ཞིག་གི་ཉེ་འདབས་ནས་ཀྱང་འགས་གཏོར་ཐེངས་གཉིས་ལ་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག

ཐེ་གོའི་ལྷོ་ཕྱོགས་ས་ཁུལ་ན་རྒྱུན་དུ་ཁ་བྲལ་རིང་ལུགས་པས་སྤེལ་བའི་འགས་གཏོར་དོན་རྐྱེན་འབྱུང་བཞིན་ཡོད་མོད། ཡིན་ནའང་མིག་སྔར་རྩ་འཛུགས་གཅིག་གིས་ཀྱང་ཉིན་དེ་གཉིས་ཀྱི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་བླངས་མེད།

ཐེ་གོའི་ཙུང་ལི་པ་ཡུས་ཀྱིས་ཚེས་བཅུ་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། འགས་གཏོར་འཇབ་རྒོལ་དེ་དག་གི་དམིགས་ཡུལ་ནི་ཐེ་གོའི་གནས་བབ་ཟང་ཟིང་དུ་གཏོང་རྒྱུ་དེ་རེད། ཅིའི་ཕྱིར་ཐེ་གོ་རྒྱལ་ཁབ་ཀྱི་གནས་བབ་སྔར་ལས་བརྟན་འཇུགས་ཡིན་པ་དང་། དཔལ་འབྱོར་དང་གནས་སྐོར་ལས་རིགས་སྔར་ལས་དར་རྒྱས་ཆེ་བའི་སྐབས་སུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བ་ཡིན་ནམ། ཚང་མས་ངེས་པར་དུ་དྲི་བ་འདིའི་ལན་འཚོལ་དགོས་ཟེར།

ཐེ་གོའི་སྐམ་དམག་གི་དམག་དཔོན་ཅི་མའེ་ཐ་ཝེ་ཡིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་འཇབ་རྒོལ་དེ་དག་གི་བྱེད་ཐབས་སྣ་གཅིག་ཡིན་པས། ད་ལྟ་ང་ཚོས་དེ་ནི་མཉམ་ལས་ཀྱིས་སྤེལ་བའི་འཇབ་རྒོལ་ཡིན་པར་འདོད་ཡོད་ཟེར།

ཐེ་གོའི་ཙུང་ལི་གཞོན་པ་ཝུན་སུའུ་ཝན་གྱིས་མིག་སྔར་འགས་གཏོར་འཇབ་རྒོལ་དེ་དག་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་མེད་ད་དུང་གསལ་བོར་མི་ཤེས་ཟེར།

ཐེ་གོའི་མི་རིགས་ཚགས་པར་སྟེང་ཚེས་བཅུ་གཉིས་ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཐེ་གོའི་སྲིད་གཞུང་གིས་མགྲིན་ཚབ་པས་བཤད་རྒྱུར། ཙུང་ལི་ཡིས་གྲོང་ཁྱེར་དང་གནས་སྐོར་ཡུལ་ལྗོངས་ཀྱི་བདེ་སྲུང་ལ་ཤུགས་སྣོན་དགོས་པའི་བཀའ་ཕབ་ཡོད་དེ། ཙུང་ལི་ཡིས་འབྲེལ་ཡོད་ལས་ཁུངས་ལ་བྲེལ་མྱུར་གྱི་བཀའ་ཕབ་ནས། ཁོ་ཚོས་འགས་གཏོར་དེའི་རིགས་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་དགོས་པ་དང་། མི་མང་པོ་ཚོགས་སའི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཚེས་བཅུ་གཉིས་ཉིན་གྱི་དགོང་མོར། ཐེ་གོའི་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་པ་ཏ་ན་ཁྲ་ལུང་གིས་འཇབ་རྒོལ་དོན་རྐྱེན་དེ་དག་འཇིགས་སྐུལ་རིང་ལུགས་དང་འབྲེལ་བ་ཡོད་པར་ཁོ་ཚོར་ཡིད་ཆེས་ཡོད་ཅེས་བཤད།

འགས་གཏོར་དེ་དག་ཐེ་གོའི་ཉིན་འདི་འགའི་དོན་དག་ཆེན་པོ་གཉིས་ལ་འབྲེལ་བ་ཡོད་མེད་ད་དུང་གསལ་བོར་མི་ཤེས། དོན་དག་ཆེན་པོ་གཅིག་ནི་ཉིན་འགའི་སྔོན་ལ་ཐེ་གོའི་རྩ་ཁྲིམས་གསར་བའི་འཆར་ཟིན་དང་དེའི་ཟུར་སྣོན་གནད་དོན་ལ་དམངས་ཡོངས་ཀྱིས་འདེམ་ཤོག་འཕངས་ཏེ་གྲོས་འཆམ་བྱུང་དེ་ཡིན་པ་དང་། དོན་དག་ཆེན་པོ་གཞན་ཞིག་ནི་ཚེས་བཅུ་གཉིས་ཉིན་ནི་ཐེ་གོའི་མ་ཡུམ་གྱི་དུས་ཆེན་ཏེ། བཙན་མོ་ཧྲི་ལེ་ཅི་ཡི་སྐྱེས་སྐར་རེད། གོང་མ་ཚང་གི་བདེ་སྐྱིད་ཕོ་བྲང་ཞེས་པ་ཡང་ཧྭ་ཞིན་གྲོང་ཁྱེར་དུ་ཡོད་ལ། ཐེ་གོའི་རྒྱལ་པོ་དང་བཙུན་མོ་གཉིས་ཉིན་འདི་འགར་ཕོ་བྲང་དེ་རུ་མེད། མིག་སྔར་ཧྭ་ཞིན་གྲོང་ཁྱེར་གྱི་བདེ་སྲུང་ལ་ཤུགས་བསྣན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་ས་ཚིགས་མང་པོ་བཙུགས་ཡོད།

ཐེ་གོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བཅུ་གཉིས་ཉིན་ཐེ་གོའི་ཉེན་རྟོག་ཕྱོགས་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་རྗེས། ཚེས་བཅུ་གཅིག་ཉིན་གྱི་ནམ་གུང་ཧྭ་ཞིན་གྲོང་ཁྱེར་ནས་བྱུང་བའི་འགས་གཏོར་དོན་རྐྱེན་གཉིས་ཀྱི་ཁྲོད་དུ་ཀྲུང་གོའི་སྤྱི་དམངས་ལ་ཤི་རྨས་ཐེབས་མེད་པ་དང་། འགས་གཏོར་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་པར་བདེན་དཔང་བྱས།

ཐེ་གོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དྲ་ཚིགས་སྟེང་ཉིན་དེར་བདེ་འཇགས་གསལ་འདེབས་བཀོད་དེ། ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ནས་བཟུང་ཐེ་གོ་ནས་འགས་གཏོར་ཐེངས་མང་བྱུང་ནས་མི་སྣར་ཤི་རྨས་ཐེབས་པས། ཐེ་གོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཐེ་གོ་ན་ཡོད་པ་དང་ཡང་ན་ཐེ་གོར་ཡོང་རྩིས་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ས་དེའི་བདེ་འཇགས་གནས་བབ་ལ་དོ་སྣང་བྱེད་པ་དང་། བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་བྱས་ཏེ། མི་མང་པོ་ཚོགས་སར་འགྲོ་མི་རུང་བའི་གསལ་འདེབས་བྱས་པ་ཡིན་ཞེས་བཤད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།