ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས་གཉིས་ཉིན་སུའུ་ཏན་ལྷོ་མའི་དྲག་ཤུགས་འཁྲུག་རྩོད་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། སུའུ་ཏན་ལྷོ་མ་ནས་ཉེ་སྔོན་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་མི་ཁྲི་དྲུག་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་བྲོས་བྱོལ་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གི་མགྲིན་ཚབ་པ་ཧྥོ་ལེ་མེན་གྱིས་ཉིན་དེར་རི་ནེ་ཝ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སུའུ་ཏན་ལྷོ་མའི་ཁྱིམ་གཞིས་དང་བྲལ་བའི་མི་ཁྲི་དྲུག་པོའི་ཁྲོད་མི་ཁྲི་ལྔ་དང་སྟོང་གཉིས་ཝུ་ཀན་ཏཱ་རུ་བྲོས་བྱོལ་བྱས་པ་དང་། མི་སྟོང་བདུན་སུའུ་ཏན་དུ་བྲོས་བྱོལ་བྱས། གཞན་ཡང་མི་སྟོང་གཅིག་ཁུན་ནེ་ཡཱ་རུ་བྲོས་བྱོལ་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་གོ་སྐབས་དེ་དང་བསྟུན་ནས་འཕྲོག་བསྲེག་བཅོམ་གསོད་བྱས་པ་དང་། བཙན་ཤེད་ཀྱིས་སྐྱེས་པ་དག་དྲག་ཆས་ཉེས་ཅན་ནང་བསྡུ་ལེན་བྱས་པ་རེད།
ཧྥོ་ལེ་མེན་གྱིས་སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མང་ཚོགས་ཀྱི་འཚོ་སྡོད་དབང་ཆར་བརྩི་འཇོག་བྱས་ཏེ། ཉེས་མེད་མང་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་རྒྱུ་ཆ་ལྟར་ན། སུའུ་ཏན་ལྷོ་མ་དེ་འཛམ་གླིང་སྟེང་འཁྲུག་རྩོད་དབང་གིས་ཁྱིམ་གཞིས་དང་བྲལ་བའི་གནས་ཚུལ་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།
ཉེ་བའི་ལོ་འགའི་རིང་། སུའུ་ཏན་ལྷོ་མའི་གནས་བབ་ནམ་རྒྱུན་ཅུང་ཟང་ཟིང་ཡིན་པ་རེད། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བདུན་པར་ཙུང་ཐུང་ཅི་ཨར་གྱིས་སྐབས་དེའི་ཙུང་ཐུང་གཞོན་པ་མཱ་ཧྲ་ཨར་གྱི་འགན་འཁྲི་རྩིས་མེད་དུ་བཏང་སྟེ། ཕྱོགས་ཁག་གཉིས་བར་དུས་ཡུན་རིང་བོར་འཐབ་འཁྲུག་བྱུང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག ད་ལོའི་ཟླ་བཞི་བར་ཕྱོགས་གཉིས་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་བར་བརྒལ་སྲིད་གཞུང་འཛུགས་པར་ཞུགས་པ་དང་། མཱ་ཧྲ་ཨར་གྱིས་ཙུང་ཐུང་གཞོན་པ་དང་པོའི་འགན་ཁུར། ཟླ་བདུན་པའི་ཟླ་སྟོད་དུ་ཕྱོགས་ཁག་གཉིས་ཀྱི་དམག་དཔུང་གིས་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་ནས་ཡང་བསྐྱར་འཁྲུག་རྩོད་བྱས། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ཅི་ཨར་གྱིས་ཙུང་ཐུང་བཀའ་རྒྱ་བཏང་སྟེ། མཱ་ཧྲ་ཨར་གྱི་ཙུང་ཐུང་གཞོན་པ་དང་པོའི་ལས་འགན་རྩིས་མེད་དུ་གཏོང་རྒྱུ་དང་། གཏེར་ལས་པུའུ་ཀྲང་ཐཱ་པན་ཏིན་ཀའེ་ཡིས་ཙུང་ཐུང་གཞོན་པ་དང་པོའི་འགན་ཁུར་དུ་འཇུག་རྒྱུ་ཁྱབ་སྒྲོག་བྱས། །