ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨ་མེ་རི་ཁས་བདེ་སྲུང་བཅའ་ཁྲིམས་ལག་བསྟར་བྱས་རྗེས་ཐོག་དང་པོར་འཇར་པན་ནས་ཆུ་འོག་འགད་རྫས་གཙང་བཤེར་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་མཚོ་ཐོག་རང་སྲུང་རུ་ཁག་གིས་ཉེ་སྔོན་གསར་འགྱུར་ལས་རིགས་ལ་ཆིན་སིན་རྫོང་གི་ལུའུ་ཨོ་མཚོ་ཁུགས་ནས་ཨ་མེ་རི་ཁའི་མཚོ་དམག་དང་མཉམ་དུ་སྤེལ་བའི་ཆུ་འོག་འགད་རྫས་གཙང་བཤེར་སྦྱོང་བརྡར་བྱ་འགུལ་སྤེལ་བའི་གནས་ཚུལ་ཁྱབ་སྒྲོག་བྱས།

བསྒྲགས་པ་ལྟར་ན། ད་ལོའི་ཟླ་གསུམ་པར་འཇར་པན་གྱི་བདེ་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་ཚུན་ལ། འཇར་པན་དང་ཨ་མེ་རི་ཁས་ཐོག་དང་པོར་འཇར་པན་རྒྱལ་ནང་ནས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་གྱི་ཆུ་འོག་འགད་རྫས་གཙང་བཤེར་བྱེད་པའི་བྱ་འགུལ་སྤེལ་བ་རེད། སྦྱོང་བརྡར་སྐབས་སུ་དམག་མི་དག་གིས་ཚོལ་ཞིབ་དཔྱད་ཆས་དེ་གྲུ་ཐོག་ནས་རྨིད་སོ་ལྔ་ཡོད་པའི་མཚོ་གཏིང་དུ་བསྲིངས་ནས་ཆུ་འོག་འགད་རྫས་གཙང་བཤེར་བྱས་པ་དང་། འགས་གཏོར་དང་གཏོར་ལེན་གྱི་ལས་རིམ་སོགས་ལ་ཁས་ལེན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། འཇར་པན་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྦྱོང་བརྡར་དུས་བཅད་ལྟར་སྤེལ་བ་དང་། ཐེངས་འདིར་ཚེས་བཅོ་བརྒྱད་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་སྤེལ་རྒྱུ་རེད། སྐབས་ཐོག་དེར་འཇར་པན་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་མཚོ་ཐོག་ཉེན་སྲུང་རུ་ཁག་གི་གྲུ་གཟིངས་ཉེར་གསུམ་དང་། གནམ་གྲུ་དགུ། རུ་མི་སྟོང་གཅིག་དང་སུམ་བརྒྱ་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་གྲུ་གཟིངས་གཅིག་དང་གནམ་གྲུ་གསུམ་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། མཚོ་ཐོག་ཉེན་སྲུང་རུ་ཁག་གིས་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་མཚོ་ཁུགས་འཐབ་འཁྲུག་མཇུག་སྒྲིལ་རྗེས་པའོ་སི་མཚོ་ཁུགས་ནས་ཆུ་འོག་འགད་རྫས་གཙང་བཤེར་བྱེད་པའི་བྱ་བ་སྤེལ་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།