ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་མུའུ་ནེ་ཧེའི་མེ་མདས་བརྒྱབ་པའི་འཇབ་རྒོལ་དོན་རྐྱེན་ལ་རྩད་གཅོད་ནན་མོ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཁི་ཨར་གྱིས་བཤད་རྒྱུར། ཁོ་མོས་པཱ་ཧྥ་ལེ་ཡཱ་ཀྲིག་གི་ཀྲིག་ཀྲང་དང་མཉམ་དུ་དོན་རྐྱེན་དེའི་ཐད་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ནང་སྲིད་བློན་ཆེན་གྱིས་ཀྱང་པཱ་ཧྥ་ལེ་ཡཱའི་ནང་སྲིད་བློན་ཆེན་དང་བརྗེ་རེས་ཟབ་མོ་བྱེད་བཞིན་ཡོད་ཟེར།

མའོ་ཁི་ཨར་གྱིས་ད་རུང་ཉེན་རྟོག་པ་དང་བདེ་འཇགས་དམག་དཔུང་ལ་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་ཚད་མཐོན་པོའི་ཆེད་ལས་ཅན་གྱི་གཤིས་ལུགས་ལ་གཟེངས་བསྟོད་བྱས་ཤིང་། ཁོ་ཚོ་ནི་གྲོང་ཁྱེར་སྡོད་དམངས་ཀྱི་རོགས་རམ་མཁན་དང་སྲུང་སྐྱོབ་མཁན་ཡིན་ཟེར། ཁོ་མོས་ད་རུང་མུའུ་ནེ་ཧེའི་སྡོད་དམངས་ཀྱིས་ཉེན་རྟོག་ཕྱོགས་ཀྱི་མཛུབ་སྟོན་ལྟར་བྱེད་ཐབས་སྤྱད་པར་བཀའ་དྲིན་ཞུས།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མུའུ་ནེ་ཧེའི་མི་དང་འཇར་མན་རྒྱལ་ཡོངས་ཀྱི་མིའི་མགོར་ཡ་ང་བའི་འཇིགས་པ་ཞིག་ཡོང་བ་རེད་ཟེར། ཁོ་མོས་བསྟན་དོན། ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་མུའུ་ནེ་ཧེ་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་དང་ཚེས་བཅོ་བརྒྱད་ཉིན་ཝེ་ཨར་ཚི་པའོ་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་གྱི་འབྱུང་རྐྱེན་ངོ་མར་རྩད་གཅོད་གསལ་བོ་བྱས་ཏེ། འཇར་མན་སྲིད་གཞུང་དང་བདེ་འཇགས་སྡེ་ཁག་གིས་མུ་མཐུད་དུ་གང་ནུས་ཅི་ལྕོགས་ཀྱིས་མང་ཚོགས་ཀྱི་བདེ་འཇགས་དང་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཉིན་དེའི་དགོང་མོར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་མའོ་ཁི་ཨར་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས། ཨོ་ལིང་ཏི་ཡིས་བདེ་འཇགས་ཁྱབ་ཁོངས་ནས་འཇར་མན་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཁས་ལེན་བྱས།

འཇར་མན་གྱི་མུའུ་ནེ་ཧེའི་བྱང་ངོས་ཀྱི་ཨོ་ལིན་ཕིག་ཉོ་ཚོང་ལྟེ་གནས་ནས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ལས། མེ་མདས་བརྒྱག་མཁན་དང་བཅས་པའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བདུན་ལ་རྨས་ཕོག ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་པ་བརྒྱུད། མེ་མདའ་བཟུང་བའི་མི་དེར་སྨྱོ་ནད་བྱུང་ཡོད་པ་དང་། མདེའུ་མིད་ནས་རང་སྲོག་བཅད་པ་རེད། གྱོད་དོན་དེ་འཇིགས་སྐུལ་རིང་ལུགས་ལ་འབྲེལ་བ་མེད་པར་འདོད།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།