ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱིས་རང་འདོད་ལྟར་སུའུ་ཏན་ལྷོ་མ་ནས་ཉེན་རྟོག་པ་ཕྱིར་འཐེན་བྱས་པར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཞིན་ཧྭ་གསར་འགྱུར་་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ཁུལ་བརྗེད་ཐོ་ཞིག་གི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ཉེན་རྟོག་པས་སུའུ་ཏན་ལྷོ་མ་ནས་ཉེན་སྔོན་བྱུང་བའི་འཐབ་འཁྲུག་ཁྲོད་དུ་འབད་འཐབ་བྱེད་སྐབས། དབྱིན་ཇི་དང་འཇར་མན། སུའེ་ཏེན་བཅས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་གྲོས་མོལ་མ་བྱས་པར་བྲེལ་འཚུབ་ངང་རྒྱལ་ཁབ་རང་གི་ཉེན་རྟོག་པ་ཕྱིར་འཐེན་བྱས་པ་དེར་མ་དགའ་བའི་ཚུལ་བསྟན་ནས། བྱ་སྤྱོད་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པའི་ངར་ཤུགས་ལ་གནོད་པ་ཚབས་ཆེན་བཟོས་སོང་ཞེས་བཤད་ཡོད་ཟེར། ཟླ་བདུན་པའི་ཚེས་དགུ་ཉིན་ནས་བཟུང་། སུའུ་ཏན་ལྷོ་མའི་ཙུང་ཐུང་ལ་རྒྱབ་སྐྱོར་བྱེད་པ་དང་ཙུང་ཐུང་གཞོན་པར་རྒྱབ་སྐྱོར་བྱེད་པའི་ཕྱོགས་ཁག་གཉིས་ཀྱི་བར་དུ་འཐབ་འཁྲུག་དྲག་པོ་བྱུང་བ་དང་། སྒྱོགས་མདེལ་མང་པོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་སར་ལྷུང་ནས། ཀྲུང་གོའི་བདེ་སྲུང་དམག་དཔུང་ལ་ཤི་རྨས་ཚབས་ཆེན་བཟོས་ཏེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་ཕོག

ཧྥ་རན་སིའི་གསར་འགྱུར་ཁང་གིས་བཤད་རྒྱུར། སུའུ་ཏན་ལྷོ་མ་ནས་འཐབ་འཁྲུག་བྱུང་རྗེས། བསྡོམས་པས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བདེ་སྲུང་ཉེན་རྟོག་པ་བཅུ་གཉིས་དུས་རིམ་སྔོན་མའི་སུའུ་ཏན་ན་ཡོད་པའི་རྒྱལ་ཕྱིའི་མི་སྣ་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་ཁྲོད་ནས་ལས་གནས་དང་བྲལ་ཏེ། གནམ་གྲུར་བསྡད་དེ་རང་རྒྱལ་ཁབ་དུ་ལོག དེའི་ནང་དུ་དབྱིན་ཇིའི་མི་གཉིས་དང་འཇར་མན་གྱི་མི་བདུན། སུའེ་ཏེན་གྱི་མི་གསུམ་བཅས་ཡོད། དེས་མི་ཚད་ཨ་མེ་རི་ཁས་སུའུ་ཏན་ལྷོ་མ་ནས་བདེ་སྲུང་ཉེན་རྟོག་པ་དགུ་ཕྱིར་འཐེན་བྱེད་རྩིས་ཡོད་པ་དང་། ནོར་ཝེ་ཡིས་ཀྱང་ཕྱིར་འཐེན་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་དབྱིན་ཇིའི་འཐུས་ཚབ་ཚོགས་པས་དབྱིན་ཇིའི་བདེ་སྲུང་ཉེན་རྟོག་པ་གཉིས་ཚེས་བཅུ་གསུམ་ཉིན་ཕྱིར་འཐེན་བྱས་པར་བདེན་དཔང་བྱས་པ་དང་། ཁོ་ཚོའི་བདེ་སྡུག་ནི་ང་ཚོའི་སེམས་ཁུར་ཆེས་ཆེན་པོ་ཡིན་ཞེས་བཤད། མིང་བཤད་མི་འདོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཕྱིར་འཐེན་འགུལ་སྐྱོད་དེ་དག་སྤེལ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པར་གྲོས་སྡུར་བྱས་མེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ཁུལ་བརྗེད་ཐོའི་ནང་དུ་དབྱིན་ཇི་སོགས་ཀྱིས་སུའུ་ཏན་ལྷོ་མ་རུ་དྲག་ཤུགས་འཁྲུག་རྩོད་ཚབས་ཆེ་བའི་སྐབས་སུ། རང་འདོད་ལྟར་བདེ་སྲུང་མི་སྣ་ཕྱིར་འཐེན་བྱས་པར་སྐྱོན་བརྗོད་ནན་མོ་བྱས་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཁོངས་གཏོགས་ཀྱི་དམག་མི་མངགས་པའི་རྒྱལ་ཁབ་དེ་དག་ལ་འཛམ་གླིང་གི་ཁྱབ་ཁོངས་སུ་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཡོད་མོད། ཡིན་ནའང་གོང་གི་བྱ་སྤྱོད་དེས་ཁོ་ཚོར་རང་གི་དམ་བཅའ་ལ་བརྩི་བཀུར་བྱེད་པའི་བློ་སྤོབས་ཀྱིས་དབུལ་བ་མཚོན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཅིག་ཡིན་ཚེ། གལ་ཏེ་རང་གིས་ཀྱང་ཛ་དྲག་གི་གནས་བབ་འོག་ལངས་ཕྱོགས་དོར་ཚེ། མི་གཞན་ལ་བདེ་འཇགས་དོན་དག་ཐག་གཅོད་པའི་མཛུབ་སྟོན་ཇི་ལྟར་བྱེད་ཅེས་བཤད་ཡོད། དབྱིན་ཇིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། དབྱིན་ཇིའི་བྱ་སྤྱོད་དེར་ཆད་པ་གཅོད་པའི་ཆེད་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱིན་ཇིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོད་དོན་ཁས་མི་ལེན་པའི་དབང་ཆ་དེ་གནས་སྐབས་སུ་མཚམས་འཇོག་ཏུ་འཇུག་ངེས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལྟར་ན། སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པར་དམག་དོན་སྡེ་ཁག་དང་ཉེན་རྟོག་སྡེ་ཁག ཞི་དཔོན་སྡེ་ཁག་བཅས་ཡོད་ལ། བདེ་སྲུང་དམག་དཔུང་ནི་རྒྱལ་ཁབ་སོ་སོའི་དམག་ཕྱོགས་ཀྱིས་མངགས་པ་དང་། ལས་འགན་གཙོ་བོ་ནི་འཁྲུག་རྩོད་ལ་བཀག་འགོག་བྱས་ཏེ་ཞི་བདེ་སླར་གསོ་བྱེད་རྒྱུ་དེ་ཡིན། བདེ་སྲུང་ཉེན་རྟོག་པ་ནི་རྒྱལ་ཁབ་སོ་སོའི་ཉེན་རྟོག་ཕྱོགས་ཀྱིས་མངགས་པ་ཡིན་ལ། དམངས་དོན་ལས་འགན་དང་ཉེན་རྟོག་འགན་ནུས་ལག་བསྟར་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པའི་ཁྲོད་དུ། རྒྱལ་ཁབ་སོ་སོ་ནས་ཡོང་བའི་བདེ་སྲུང་ཉེན་རྟོག་པ་སྟོང་གཅིག་དང་ཉིས་བརྒྱ་ཙམ་ཡོད་ལ། དེ་དག་གིས་གཙོ་བོ་མི་སེར་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཡོད། དམག་འཁྲུག་གི་གནོད་པ་ཐེབས་པས། སུའུ་ཏན་ལྷོ་མའི་མང་ཚོགས་ཁྲི་ཕྲག་ལྷག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་ས་སོ་སོའི་ཡུལ་གྱུར་བའི་སྒར་དུ་བསྡད་ཡོད། སུའུ་ཏན་ལྷོ་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དྲག་དཔོན་ལིན་ཝེ་ཡིས་ཚེས་ཉེར་གཅིག་ཉིན་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན། རྒྱུན་ལྡན་གྱི་ངལ་གསོ་བཞིན་པའི་མི་སྣ་མ་བརྩིས་ན། མིག་སྔར་ཀྲུང་གོའི་བདེ་སྲུང་ཉེན་རྟོག་པ་དྲུག་གིས་ཀྲུའུ་པ་དང་ཝ་ཝུའུ། མར་ཁ་ལ་སོགས་ས་ཆ་རུ་མུ་མཐུད་ལས་གནས་བརྟན་སྲུང་བྱས་ཏེ། ཡུལ་གྱར་བའི་སྒར་སའི་བདེ་འཇགས་སྒྲིག་ལམ་སྲུང་འཛིན་དང་ས་དེའི་ཉེན་རྟོག་པའི་སྦྱོང་བརྡར་ལ་མཛུབ་སྟོན་བྱེད་པ་སོགས་ཀྱི་ལས་འགན་སྒྲུབ་བཞིན་ཡོད། ཀྲུང་གོའི་བདེ་སྲུང་རྐང་དམག་བརྒྱ་ཤོག་གིས་ད་དུང་ཀྲུའུ་པ་ས་ཆ་ཆུ་ཡུལ་གྱར་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཡུལ་གྱར་བའི་མཚོན་ཆ་གཙང་ལེན་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་སར་སྲུང་སྐྱོབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་དྲག་ཤུགས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་འགན་སྒྲུབ་བཞིན་ཡོད་ཟེར།

ཚེས་ཉེར་གཅིག་ཉིན། སུའུ་ཏན་ལྷོ་མའི་ཀྲུའུ་པ་ས་ཆ་སོགས་ནས་མུ་མཐུད་དུ་འཐབ་འཁྲུག་བརྒྱབ་མོད། ཡིན་ནའང་སུའུ་ཏན་ལྷོ་མའི་ཙུང་ཐུང་གཞོན་པ། ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་མཱ་ཧྲར་གར་སོང་མ་ཤེས། བཤད་ཚུལ་ལྟར་ན་ཁོ་ཀྲུའུ་པ་ས་ཆ་ནས་གནས་གཞན་ལ་སོང་ཡོད་ཟེར། ཙུང་ཐུང་ཅི་ཨར་གྱིས་མཱ་ཧྲར་ཕྱིར་རྒྱལ་སར་ཡོང་ནས་ཞི་བདེའི་ཆོད་དོན་མུ་མཐུད་དུ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་མོད། ཡིན་ནའང་ཕྱོགས་གཉིས་བར་དུ་ཡང་བསྐྱར་འཐབ་འཁྲུག་གསར་བ་བྱུང་བས། ཕན་ཚུན་བར་ཡིད་ཆེས་བྱེད་པའི་སེམས་ཇེ་འཁྱག་ནས་ཇེ་འཁྱག་ཏུ་གྱུར། མཱ་ཧྲར་གྱིས་ཕྱོགས་གསུམ་པའི་དམག་དཔུང་གིས་ཀྲུའུ་པ་ས་ཆའི་བདེ་འཇགས་ལས་དོན་གྱི་འགན་ཁུར་ནས། ཁོ་རང་ཉིད་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ན། ཁོ་ད་གཟོད་ཕྱིར་ཡོང་ཆོག་ཅེས་བཤད།

ཉེ་སྔོན་གྲོལ་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རུ་ཝང་ཏའི་མཐོ་རིམ་གྲོས་ཚོགས་སྟེང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་སུའུ་ཏན་ལྷོ་མར་གཙོ་བོ་ཨ་ཧྥེ་རི་ཁ་ཤར་མ་རྒྱལ་ཁབ་ཀྱིས་གྲུབ་པའི་བདེ་སྲུང་དམག་དཔུང་མངགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པའི་སྒྲིག་གཞིའི་འོག་ཏུ་བདེ་སྲུང་སྟོབས་ཤུགས་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱས། ཡིན་ནའང་དེར་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་གྱི་ངོ་རྒོལ་ཐེབས། ཁོས་བཤད་རྒྱུར། མིག་སྔར་ཕྱི་རྒྱལ་གྱི་དམག་མི་ཁྲི་གཅིག་དང་སྟོང་གཉིས་སུའུ་ཏན་ལྷོ་མར་བཀོད་སྒྲིག་བྱས་ཡོད་པས། ཅིའི་ཕྱིར་ཡང་བསྐྱར་དམག་མི་དེ་འདྲ་མང་པོ་མངགས་དགོས་སམ། ང་ཚོས་ཐ་ན་དམག་མི་གཅིག་ཁ་སྣོན་བྱེད་པ་ཡང་དང་ལེན་བྱེད་མི་སྲིད་ཟེར། སུའུ་ཏན་ལྷོ་མའི་ཙུང་ཐུང་བཞུགས་ཤག་གིས་བཤད་རྒྱུར། གལ་ཏེ་སུའུ་ཏན་ལྷོ་མའི་སྲིད་གཞུང་གི་ཆོག་མཆན་མ་ཐོབ་ཚེ། ང་ཚོས་ཕྱི་རྒྱལ་གྱི་དམག་དཔུང་དེ་དག་བཙན་འཛུལ་བར་བརྩི་རྒྱུ་ཡིན། བྱ་སྤྱོད་དེས་ང་ཚོའི་བདག་དབང་ལ་གནོད་ཆེན་པོ་སྐྱེལ་རྒྱུ་ཡིན་པས། ང་ཚོས་དང་ལེན་གཏན་ནས་བྱེད་མི་སྲིད་ཟེར། ཚེས་ཉི་ཤུ་དང་ཚེས་ཉེར་གཅིག་ཉིན་གཉིས་ལ། ཀྲུའུ་པ་དང་པོ་ཨར་སོགས་ས་ཆ་ནས་སུའུ་ཏན་ལྷོ་མའི་སྲིད་འཛིན་ཏང་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་ཞེས་པ་དེས་རྩ་འཛུགས་ཞེས་པའི་རྔམ་སྟོན་ཁྲོམ་སྐོར་བསྟུད་མར་བྱུང་སྟེ། བདེ་སྲུང་དམག་དཔུང་སྣོན་པར་ངོ་རྒོལ་བྱས།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།