ཀྲུང་གོ་བོད་ཀྱི་དྲ་བ།

ཕན་ཅི་ཝུན་གྱིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་ཁྱོན་ཡོངས་ནས་ཕན་འབྲས་ལྡན་པའི་ངང་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉི་ཤུ་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕྱོགས་སོ་སོས་དམ་བཅའ་བརྟན་སྲུང་བྱས་ཏེ། ན་ནིང་གྲོས་འཆམ་བྱུང་བའི་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་དེ་ཁྱོན་ཡོངས་ནས་ཕན་འབྲས་ལྡན་པའི་ངང་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ནང་བཤད་རྒྱུར། ལོ་གཅིག་གི་སྔོན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད2231པར་གྲོས་འཆམ་བྱུང་ནས། དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་གྲོས་འཆམ་བྱུང་བའི་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་ལ་ཆོག་མཆན་བཀོད། དེ་ནི་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་རྩོད་གཞི་ཐག་གཅོད་པའི་དཔེ་གཞི་བཟང་པོ་ཞིག་ཡིན་ལ། དེས་འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་མཚོན་ཆ་ཁྱབ་གདལ་དུ་མི་གཏོང་བའི་རྐྱེན་སྲོལ་སྲ་བརྟན་དུ་བཏང་ཡོད་ཟེར།

ཕན་ཅི་ཝུན་གྱིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་སོ་སོས་རང་གི་དམ་བཅའ་བརྟན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། རྒྱལ་ཁབ་སོ་སོས་གྲོས་ཆོད་དེ་ཁྱོན་ཡོངས་ནས་ཕན་འབྲས་ལྡན་པའི་ངང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་དུང་ཕྱོགས་སོ་སོས་ཕན་ཚུན་བརྩི་བཀུར་དང་གཉིས་ཕན་རྩ་དོན་གྱི་རྨང་གཞིའི་སྟེང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་མཐུན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད2231པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡུན་རིང་བོར་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་པ་བརྒྱུད་དེ། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་བཀོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཟླ་དེའི་ཚེས་ཉི་ཤུ་ཉིན་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ཁྱོན་ཡོངས་ཀྱི་གྲོས་མཐུན་དེར་ཆོག་མཆན་བཀོད། གྲོས་མཐུན་ལྟར་ན། དབྱི་ལང་གིས་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱེད་དགོས་པ་དང་། དེའི་ཚབ་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་དགོས། དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་དེ་ད་ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་དེའི་རྗེས་སུ་དབྱི་ལང་གི་འབྲེལ་ཡོད་བཀག་སྡོམ་མེད་པར་བཏང་བ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།