ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་དྲག་ཤུགས་འཁྲུག་རྩོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་མ་ཡིན་པའི་འཕེལ་རྒྱས་རྩ་འཛུགས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོས་སུའུ་ཏན་ལྷོ་མར་ཉེ་སྔོན་བྱུང་བའི་དྲག་ཆས་འཁྲུག་རྩོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་མོར་བྱེད་ཐབས་སྤྱད་དེ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུའི་ཉིན་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ནས། འཇིགས་སྐུལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། མི་སེར་དཀྱུས་མ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་སྡོད་བྱེད་ས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་མི་སྣ་བཅས་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་དེ་འཐབ་འཁྲུག་ནག་ཉེས་སུ་འགྲུབ་ངེས་ཡིན་པས། ངེས་པར་དུ་ཐེངས་འདིའི་འཇབ་རྒོལ་མི་སྣར་འགན་འཁྲི་རྩད་གཅོད་བྱེད་དགོས་པ་ནན་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་སྲུང་སྐྱོབ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པར་དམག་མི་ཁ་སྣོན་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།

སྲིད་གཞུང་མ་ཡིན་པའི་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་བཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་ཀྲུའུ་པཱ་ནས་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ལ་རྒོལ་གཏམ་དྲག་པོ་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། སྲིད་གཞུང་མ་ཡིན་པའི་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་གྲོས་ཚོགས་བསྡུས་ཏེ། སུའུ་ཏན་ལྷོ་མའི་མིག་སྔའི་གནས་བབ་ཐད་ནས་གྲོས་བསྡུར་བྱས་ཏེ་ཐབས་ཇུས་བཏོན།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། སུའུ་ཏན་ལྷོ་མར་ཉེ་སྔོན་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཙུའུ་མཱ་ཡིས་སུའུ་ཏན་ལྷོ་མའི་མགོ་ཁྲིད་པས་མིག་སྔའི་དཀའ་ཁག་གི་གནས་བབ་འོག་ཁོ་ཚོའི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པའི་སྐུལ་མ་བཏང་།

ཁུན་ནེ་ཡཱའི་ཙུང་ཐུང་བཞུགས་ཤག་གི་གསར་འགྱུར་མགྲིན་ཚབ་པ་ཨེ་ཞི་ཕིས་སུའུ་ཡིས་ཚེས་བཅུའི་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་སུའུ་ཏན་ནས་ཉེ་སྔོན་བྱུང་བའི་དམག་དོན་ཕྱོགས་ཁག་གི་འཁྲུག་རྩོད་ཐད་ནས་ཅི་ཨར་དང་གྲོས་མོལ་བྱས་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་མགོ་ཁྲིད་པས་མིག་སྔའི་དགྲར་འཛིན་རྣམ་འགྱུར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།