ཀྲུང་གོ་བོད་ཀྱི་དྲ་བ།

མེ་གླིང་བྱང་མའི་རྒྱལ་ཁབ་གསུམ་གྱི་མཐོ་རིམ་གྲོས་ཚོགས་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་ནུས་ཁུངས་ཕྱེད་ཙམ་དག་གཙང་དུ་གཏོང་བའི་དམིགས་འབེན་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མེ་གླིང་བྱང་མའི་རྒྱལ་ཁབ་གསུམ་སྟེ་ཁཱ་ནཱ་ཏཱ་དང་། ཨ་མེ་རི་ཁ། མའོ་ཞི་ཁོ་བཅས་ཀྱི་མགོ་ཁྲིད་པས་ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན་བོ་ཐེ་ཧྭ་ནས་མཐོ་རིམ་གྲོས་ཚོགས་བསྡུས། གྲོས་ཚོགས་གྲོལ་རྗེས་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་གསུམ་བར་གྲོས་མཐུན་བྱུང་སྟེ། ཉིས་སྟོང་ཉེར་ལྔ་ལོའི་བར་མེ་གླིང་བྱང་མ་ས་ཁུལ་གྱི་དག་གཙང་ནུས་ཁུངས་བེད་སྤྱོད་བྱེད་ཚད་ཀྱིས་ནུས་ཁུངས་ཡོངས་ཀྱི་ཕྱེད་ཙམ་ཟིན་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད། 

ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཁཱ་ནཱ་ཏཱ་རུ་འཚམས་འདྲི་བྱས་པར་མ་ཟད། ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་དང་། འཚམས་འདྲིར་ཡོང་བའི་མའོ་ཞི་ཁོའི་ཙུང་ཐུང་ནེ་ཐའོ་གཉིས་དང་མཉམ་དུ་ཕྱོགས་གསུམ་གྱི་མཐོ་རིམ་གྲོས་ཚོགས་བསྡུས།

ཁཱ་ནཱ་ཏཱ་ནི་ད་ལོའི་མེ་གླིང་བྱང་མའི་མཐོ་རིམ་གྲོས་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཡིན། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་ནམ་ཟླའི་འགྱུར་ལྡོག་དང་། དག་གཙང་ནུས་ཁུངས། ཁོར་ཡུག་གནད་དོན། ཚོང་ལས་འགྲན་རྩོད་དང་མཐའ་སྲུང་དོ་དམ། བདེ་འཇགས་དང་སྔོན་འགོག ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ལས་དོན་བཅས་འདུས། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དོན་དེ་ཡང་ཀུན་གྱིས་དོ་སྣང་བྱེད་པའི་གྲོས་གཞི་ཞིག་རེད།

གྲོས་ཚོགས་གྲོལ་རྗེས་ཉིས་སྟོང་ཉེར་ལྔ་བར་ནུས་ཁུངས་འགྲོ་སོང་གི་ཕྱེད་ཙམ་དག་གཙང་ཅན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་འཐད་པ་བྱུང་། སྤྱི་སྒྲོག་ལས་ལོ་རྒྱུས་རང་བཞིན་གྱི་དམིགས་འབེན་དུ་བཤད་ཡོད། རྒྱལ་ཁབ་གསུམ་གྱིས་དག་གཙང་ནུས་ཁུངས་ལ་བརྟེན་ནས་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་བ་དང་། ནུས་ཁུངས་ཕན་ནུས་ལྡན་པར་བེད་སྤྱོད་བྱེད་པ་སོགས་ལ་བརྟེན་ནས་གོང་གི་དམིགས་འབེན་དེ་མངོན་འགྱུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།