ཀྲུང་གོ་བོད་ཀྱི་དྲ་བ།

ཕན་ཅི་ཝུན་ཁུ་པ་རྒྱལ་ཁབ་ལ་སོང་ནས་ཁོ་ལོམ་པི་ཡའི་མཇུག་མཐའི་ཞི་བདེའི་གྲོས་ཆོད་འགོད་པར་བདེན་དཔང་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧ་ཁི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ཉིན་དེར་ཁུ་པ་རྒྱལ་ཁབ་ཀྱི་རྒྱལ་ས་ཧ་ཝ་ན་ལ་སོང་ནས། ཁོ་ལོམ་པི་ཡའི་སྲིད་གཞུང་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཁོ་ལོམ་པི་ཡའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཞེས་པས་ཚེས་ཉེར་གསུམ་ཉིན་ཁུ་པ་ནས་མཇུག་མཐའི་ཞི་བདེའི་གྲོས་ཆོད་འགོད་པར་བདེན་དཔང་བྱ་རྒྱུ་རེད་ཟེར།

ཧ་ཁི་ཡིས་ཉིན་དེར་བསྡུས་པའི་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལོས་ཁི་ཐོ་ཧྥུའུ་ཐི་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཧྥ་རན་སིའི་འཐུས་མི་ཏི་ལཱ་ཐི་ཡང་ཁུ་པར་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་པར་སོང་། དེས་མི་ཚད་ཕན་ཅི་ཝུན་ཧ་ཝ་ན་ནས་ཐུག་འཕྲད་ཀྱི་བྱ་འགུལ་རབ་དང་རིམ་པར་ཞུགས་རྒྱུ་རེད་ཟེར།

ཧ་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་ཁུ་པ་སོགས་ཕྱོགས་སོ་སོའི་རྒྱབ་སྐྱོར་འོག ཁོ་ལོམ་པི་ཡའི་ཞི་བདེའི་འཕེལ་རིམ་ལ་གྲུས་འབྲས་ཆེན་པོ་ཐོབ་པ་དང་། ཚེས་ཉེར་གསུམ་ཉིན་འགོད་རྒྱུ་ཡིན་པའི་མཇུག་མཐའི་ཞི་བདེའི་གྲོས་ཆོད་ཀྱིས་ཁོ་ལོམ་པི་ཡའི་མི་དམངས་ཀྱིས་ལོ་བཅུ་ཕྲག་ལྷག་གི་རིང་ལ་རེ་སྒུག་བྱས་པའི་ཞི་བདེ་མངོན་འགྱུར་བྱ་ངེས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོ་ལོམ་པི་ཡའི་ཞི་བདེ་སྲ་བརྟན་དུ་གཏོང་བའི་ཐད་དུ་མུ་མཐུད་འབད་བརྩོན་བྱ་འདོད་ཡོད་ལ། གྲོས་ཆོད་བཀོད་རྗེས་ཁོ་ལོམ་པི་ཡ་རུ་ཆེད་མངགས་ཚོགས་པ་བཀོད་སྒྲིག་བྱས་ཏེ་དམག་འཁྲུག་རྒྱག་མཚམས་འཇོག་པར་ལྟ་སྐུལ་བྱ་ངེས་ཟེར།

དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་ཚུན་ལ། ཁོ་ལོམ་པི་ཡའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་དང་སྲིད་གཞུང་དམག་གིས་ཡུན་རིང་བོར་དམག་འཁྲུག་བརྒྱབ། ཉིས་སྟོང་བཅུ་གཉིས་ལོར། ཕྱོགས་གཉིས་ཀྱིས་ཁུ་པ་དང་ནོར་ཝེ་གཉིས་འགན་ལེན་རྒྱལ་ཁབ་དང་། ཝེ་ནེ་ཙུའེ་ལ་དང་ཀྲི་ལེ་གཉིས་ལྟ་ཞིབ་རྒྱལ་ཁབ་ཏུ་ཁས་བླངས་ནས་དེ་དག་གི་བར་འདུམ་འོག་ཧ་ཝ་ན་ནས་ཞི་བའི་གྲོས་མོལ་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁོ་ལོམ་པི་ཡ་སྲིད་གཞུང་དང་ཁོ་ལོམ་པི་ཡའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་ཉེར་གཉིས་ཉིན་ཚེས་ཉེར་གསུམ་ཉིན་འགོད་རྒྱུ་ཡིན་པ་ནི་དོན་སྙིང་གལ་ཆེན་ལྡན་པའི་མཇུག་མཐའི་ཞི་བདེའི་གྲོས་ཆོད་ཡིན་ཞེས་བསྒྲགས་ཟེར།

ད་ལོའི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཆབ་སྲིད་ཆེད་མངགས་ཚོགས་པ་ཞིག་བཙུགས་ནས། ཁོ་ལོམ་པི་ཡ་སྲིད་གཞུང་དང་ཁོ་ལོམ་པི་ཡའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱིས་མཇུག་མཐའི་ཞི་བདེའི་གྲོས་ཆོད་བཀོད་རྗེས་ཕྱོགས་གཉིས་ཀྱིས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གནས་ཚུལ་ལ་ལྟ་སྐུལ་བྱ་རྒྱུའི་ཐག་བཅད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།