ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ནོར་འཁྲུལ་བྱུང་ནས་ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་བསད་པའི་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་བྱུང་བའི་ནོར་འཁྲུལ་གྱི་དབང་གིས་ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་བསད་པའི་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཉིན་དེའི་ཞོགས་པར། མྱུར་བགྲོད་གཞུང་ལམ443པའི་སྟེང་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་རྡོ་ཡིས་བརྒྱབ་པ་དང་མེར་སྦར་བའི་ཤེལ་དམ་གཡུགས་པའི་དོན་རྐྱེན་བྱུང་ནས། དབྱི་སི་རལ་གྱི་མི་གསུམ་རྨས། དབྱི་སི་རལ་གྱི་དམག་མིས་རླངས་འཁོར་ལ་འཇབ་རྒོལ་བྱེད་པའི་ཕ་ལེ་སི་ཐན་པར་མེ་མདས་བརྒྱབ་སྟེ། ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་བསད་པ་དང་། ཕ་ལེ་སི་ཐན་པ་དྲུག་རྨས་པ་ཡིན་ཟེར།

ཡིན་ནའང་ཉིན་དེའི་ཕྱི་དྲོར་དབྱི་སི་རལ་གྱི་དམག་དཔུང་གིས་ཡང་བསྐྱར་གསལ་སྒྲོག་ཅིག་སྤེལ་ནས། ཐོག་མར་རྟོག་ཞིབ་བྱས་པ་ལྟར་ན། མེ་མདས་བརྒྱབ་ནས་བསད་པའི་ཕ་ལེ་སི་ཐན་གྱི་ན་གཞོན་དེ་དང་རྨས་མ་གཞན་དག་དབྱི་སི་རལ་གྱི་རླངས་འཁོར་ལ་རྡོ་ཡིས་བརྒྱབ་པའི་འཇབ་རྒོལ་དོན་རྐྱེན་ཁྲོད་ཞུགས་མེད་པ་དང་། ཁོ་ཚོ་ནི་རླངས་འཁོར་བསྐོར་བའི་ཉེས་མེད་ལམ་འགྲོ་བ་ཏག་ཏག་རེད། དབྱི་སི་རལ་གྱི་དམག་དཔུང་གིས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་དམག་མི་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། གཙོ་བོ་དབྱི་སི་རལ་གྱི་དམག་མི་ལ་སྐབས་དེར་ཚེ་སྲོག་གི་འཇིགས་སྣང་ཐེབས་ཡོད་མེད་དང་དམག་དཔུང་གི་སྒྲིག་ལམ་ལྟར་མེ་མདས་བརྒྱབ་མིན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཅེས་བཤད།

དབྱི་སི་རལ་གྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་གྱི་མཐོ་རིམ་དཔོན་རིགས་མང་པོས་དོན་རྐྱེན་དེར་ཁོང་ཁྲོ་ལངས་པའི་ཚུལ་བསྟན་ཟེར། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་གྱི་ཕ་ལེ་སི་ཐན་ཕྱོགས་ཀྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལེ་ཁ་ཐི་ཡིས་དབྱི་སི་རལ་གྱི་དམག་མིས་ལོ་བཅོ་ལྔ་ཅན་གྱི་ན་གཞོན་དེ་དམར་གསོད་བྱས་པ་ནི། དབྱི་སི་རལ་གྱིས་རིགས་རྒྱུད་ཁ་བཀར་གྱི་བགྲོད་ལམ་སྟེང་ནས་ཕ་ལེ་སི་ཐན་པར་སྤེལ་བའི་གདུག་རྩུབ་ཀྱི་འཇབ་རྒོལ་ཞིག་རེད་ཅེས་བཤད་པ་མ་ཟད། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་རྒྱུའི་འབོད་སྐུལ་བཏང་།

མྱུར་བགྲོད་གཞུང་ལམ443པ་ནི་དབྱི་སི་རལ་གྱིས་བདག་ཏུ་བཟུང་བའི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་བརྒྱུད་ཡོད་ལ། དེ་ནི་ཐི་ལཱ་ཝེ་ཧྥུའུ་དང་ཡེ་ལུའུ་ས་ལུན་གཉིས་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་གཙོ་བོ་རེད།

ན་ནིང་གི་ཟླ་དགུ་བའི་ཟླ་དཀྱིལ་ནས་བཟུང་། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ས་ཁུལ་ནས་དབྱི་སི་རལ་གྱི་མི་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་བ་དང་། མིག་སྔའི་བར་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ནས་དབྱི་སི་རལ་གྱི་མི་སོ་གསུམ་དང་ཕྱི་གླིང་བ་གསུམ་རྐྱེན་ལམ་དུ་ཤོར་ལ། ཕ་ལེ་སི་ཐན་གྱི་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།