ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཡུལ་གྱར་བ་བྱེ་བ་དྲུག་དང་ས་ཡ་ལྔ་འབུམ་གསུམ་ལ་སླེབས་པ་དང་འཛམ་གླིང་ཡོངས་ཀྱི་མི་བརྒྱ་དང་བཅུ་གསུམ་གྱི་ཁྲོད་ན་ཡུལ་གྱར་བ་རེ་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ནི་འཛམ་གླིང་གི་ཡུལ་གྱར་བའི་ཉིན་མོ་ཐེངས་བཅུ་དྲུག་པ་རེད། ཉིན་དེར་མཉམ་འབྲེལ་རྒྱལ་ཡུལ་གྱར་བའི་ཧྲུའུ་ཡིས་ལོ་གཅིག་གི་སྙན་ཞུ་སྤེལ་བའི་གཞི་གྲངས་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ལ་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་གྲངས་ཀ་བྱེ་བ་དྲུག་དང་ས་ཡ་ལྔ་འབུམ་གསུམ་ལ་སླེབས་པ་དང་། ལོ་སྔོན་མ་ལས་མི་ས་ཡ་ལྔ་ལྔ་ཡིས་ཇེ་མང་ལ་སོང་ནས། ལོ་རྒྱུས་སྟེང་གི་ཆེས་མཐོ་བའི་ཚད་དུ་སླེབས་པ་དང་། འཛམ་གླིང་ཡོངས་ཀྱི་མི་བརྒྱ་དང་བཅུ་གསུམ་གྱི་ཁྲོད་དུ་ཡུལ་གྱར་བ་རེ་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། ཡུལ་གྱར་བ་ཕྱེད་ཀའི་ཡན་ནི་སི་རི་ཡ་དང་ཨ་ཧྥུའུ་ཧན། སོ་མཱ་ལེ་བཅས་རྒྱལ་ཁབ་གསུམ་ནས་ཡོང་བ་རེད། ཐུར་ཁེ་ནི་འཛམ་གླིང་སྟེང་ཡུལ་གྱར་བ་དང་ལེན་བྱས་པ་ཆེས་མང་བའི་རྒྱལ་ཁབ་ཡིན་ལ། བསྡོམས་པས་ཡུལ་གྱར་བ་ས་ཡ་གཉིས་དང་འབུམ་ལྔ་དང་ལེན་བྱས། དེའི་འཕྲོར་ཕ་ཁི་སི་ཐན་དང་ལེ་པ་ནུན་གཉིས་རེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ཧྲུའུ་ཡིས་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོར་འཁྲུག་རྩོད་དང་ཡང་ན་གཏོར་བརླག་ཐེབས་པར་བརྟེན་ནས་ཁྱིམ་གཞིས་ཤོར་བའི་མི་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ལ་སླེབས་པ་དང་། ན་ནིང་འཛམ་གླིང་སྟེང་དུས་ཚོད་སྐར་མ་རེའི་ནང་མི་ཉེར་བཞི་རང་ཁྱིམ་དང་མི་འབྲལ་ཐབས་མེད་བྱུང་ཟེར།

དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། ན་ནིང་ནས་བཟུང་ཡོ་རོབ་གླིང་འཕྲད་པའི་ཡུལ་གྱར་བའི་མཐོ་རླབས་ཀྱི་ཉེན་ཚབས་དེར་ལྷག་ཏུ་མཉམ་འཇོག་པར་གྱུར་ཟེར། རྒྱལ་སྤྱིའི་གནས་སྤོར་བའི་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། ཉིས་སྟོང་བཅོ་ལྔ་ལོར་བསྡོམས་པས་ཡུལ་གྱར་བ་ས་ཡ་གཅིག་དང་ཁྲི་གཅིག་སྟོང་གཅིག་དང་བདུན་བརྒྱ་མཚོ་ལམ་བརྒྱུད་དེ་ཡོ་རོབ་གླིང་ལ་ཐོན་པ་དང་། ཡུལ་གྱར་བ་ཁྲི་གསུམ་དང་སྟོང་ལྔ་སྐམ་ལམ་བརྒྱུད་དེ་ཡོ་རོབ་གླིང་ལ་ཐོན། ཡོ་རོབ་གླིང་དུ་ཐོན་པའི་ཡུལ་གྱར་བ་མང་ཆེ་ཤོས་ཡོ་རོབ་གླིང་གི་དབུས་བྱང་ཕྱོགས་ཀྱི་ཅུང་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་སྟེ་འཇར་མན་དང་སུའེ་ཏེན་སོགས་ལ་འགྲོ་འདོད་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན། ན་ནིང་ཡོ་རོབ་གླིང་གི་ཡུལ་གྱར་བ་དང་ལེན་བྱས་པ་ཆེས་མང་བའི་རྒྱལ་ཁབ་ནི་འཇར་མན་རེད། ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡོངས་ལ་བལྟས་ན། ཡུལ་གྱར་བ་དང་ལེན་བྱས་པ་ཆེས་མང་བའི་རྒྱལ་ཁབ་གསུམ་པོ་ནི་འཇར་མན་དང་ཨ་མེ་རི་ཁ། སུའེ་ཏེན་བཅས་རེད་ཟེར། ཐེངས་འདིའི་ཡུལ་གྱར་བའི་མཐོ་རླབས་ནི་འཛམ་གླིང་གི་དམག་འཁྲུག་ཆེན་མོ་ཐེངས་གཉིས་པའི་ཚུན་ལ་གཞི་ཁྱོན་ཆེས་ཆེ་བའི་ཡུལ་གྱར་བའི་མཐོ་རླབས་ཤིག་རེད། ཡུལ་གྱར་བ་འབོར་ཆེན་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ལྷག་པར་དུ་ཡོ་རོབ་གླིང་གི་རྒྱལ་ཁབ་ལ་ཐོན་པ་དེས། ས་ཁུལ་དེ་དག་གི་གཡས་ལྷུང་རྩ་འཛུགས་ཀྱི་མགོ་བོ་དགྱེ་རུ་བཅུག་པས། རྒྱལ་ཁབ་ཁ་ཤས་ཀྱིས་རྩོད་གཞི་ཆེ་བའི་ཡུལ་གྱར་བར་ངོ་རྒོལ་བྱེད་པའི་སྲིད་ཇུས་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ཧྲུའུ་ཡི་མགོ་གཙོ་ཀི་ལན་ཏེ་ཡིས་ཧྥ་རན་སིའི་གསར་འགྱུར་ཁང་ལ་བཤད་རྒྱུར། ཡོ་རོབ་གླིང་གི་མགོ་ཁྲིད་པས་ཡུལ་གྱར་བའི་གནད་དོན་ཐད་ནས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཉམ་དུ། བྱེད་ཐབས་སྤྱད་དེ་ཡུལ་གྱར་བར་ཕྱོགས་རིས་ཀྱི་ལྟ་ཚུལ་མི་འཛིན་པར་བྱེད་དགོས་ཟེར། ཁོས་སྤྱི་པའི་གླེང་ཕྱོགས་ཀྱིས་ཡུལ་གྱར་བ་དང་གནས་སྤོར་བར་ངོ་རྒོལ་བྱེད་པར་ངན་སྐུལ་བྱེད་མཁན་གྱིས་ཡོ་རོབ་གླིང་གི་ད་ལྟའི་ཕྱི་ཕྱོགས་འགྲ་རུ་འཛིན་པ་དང་ཕྱི་ཕྱོགས་ལ་སྐྲག་པའི་སྣང་ཚུལ་དེར་འགན་ཁུར་དགོས་ལ། སྣང་ཚུལ་དེའི་རིགས་ལ་སེམས་ཁུར་ཆེན་པོ་བྱེད་དགོས་ཞེས་བཤད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།