ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་མཉམ་ལས་བྱས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ།     སྤེལ་དུས། : 2016-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020160610384995116520.jpg

འདི་ནི་ཨན་ཀོ་ལའི་རྒྱལ་ས་ལུ་ཨན་ཏ་རུ་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཧྲི་ཐའེ་ན་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོར་སྤེལ་རྒྱུའི“ཚེ་སྲོག་ཆེད། རེ་འབོད་བྱེད”ཅེས་པའི་བྱེད་སྒོའི་སྐོར་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཨ་ཤིས་མུའུ་·ཧྲི་ཐའེ་ན་ཡིས་ཉིན་ཤས་གོང་ཨན་ཀོ་ལའི་རྒྱལ་ས་ལུ་ཨན་ཏར་འཛམ་གླིང་ཁོར་ཡུག་ཉིན་མོའི་བྱེད་སྒོར་ཞུགས་སྐབས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཁྱབ་ཁོངས་སུ་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་དེ་བས་མཉམ་ལས་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དེ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཁོ་བའི་རྒྱབ་སྐྱོར་ཞིག་ཡིན་ཞེས་བརྗོད་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དམིགས་བཅར་འདྲི་དང་ལེན་བྱེད་སྐབས་ཧྲི་ཐའེ་ན་ཡིས་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གཅིག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་འཁོར་སྐྱོད། མི་སྣ་གསོ་སྦྱོང་། སྒྲིག་གཞིའི་སྒྲིག་བཀོད་སོགས་ཐད་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དེ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཁོ་བ་ཞིག་ཡིན་པས“ང་མི་སྒེར་གྱིས་ཀྱང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་ཀྲུང་གོས་སྔར་བས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་ལས་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།

ཧྲི་ཐའེ་ན་ཡིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་འགོ་ཁྲིད་མི་སྣས་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཉོ་ཚོང་ལ་རྡུང་རྡེག་གཏོང་རྒྱུའི་ཐད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པའི་ངོས་འཛིན་གང་ལེགས་ཐུབ་ཡོད། ཀྲུང་གོས་ཁོར་ཡུག་ཉེས་གསོག་ལ་དམིགས་པའི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་པ་དང་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འགལ་གྱི་ཉོ་ཚོང་བཀག་འགོག་ཧུར་ཐག་དང་བཀག་འདོམ་དངོས་རྫས་མེད་པ་བཟོས་པ་དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་ཁོར་ཡུག་ཉེས་གསོག་གི་བྱེད་སྤྱོད་ལ་ཐར་པར་གཏན་ནས་མི་གཏོང་བ་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།

ཧྲི་ཐའེ་ན་ཡིས་ཁོར་ཡུག་ཉེས་གསོག་གིས་རྒྱལ་དམངས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པ་མ་ཟད་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཁོར་ཡུག་ཉེས་གསོག་ལས་བྱུང་བའི་ཕན་པ་དེ་རྒྱལ་སྤྱིའི་ཉེས་གསོག་དྲ་རྒྱར་ཁྱབ་ནས་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ཚོགས་པས་དེ་རིང་མི་ལྐོག་འཚོང་རྒྱག་པ་དང་། སང་ཉིན་མཚོན་ཆ་ལྐོག་འཚོང་རྒྱག་པ། གནངས་ཉིན་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཉོ་ཚོང་བྱེད་སྲིད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོར་ཡུག་ཉེས་གསོག་ནི་གོ་ལ་ཧྲིལ་པོའི་སྣང་ཚུལ་ཞིག་ཡིན་པ་ངོས་འཛིན་ཐུབ་པ་བྱེད་དགོས་ཞེས་བརྗོད་པ་རེད།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁྲོད་ནས་ལྷོ་ཨ་ཧྥེ་རི་ཁར་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་མ་ལག་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དོ་དམ་མ་ལག་བལྟོས་བཅས་ཀྱི་འཐུས་སྒོ་ཚང་པོ་དང་ཡག་པོ་ཡོད་ཀྱང2015ལོར་སྔར་བཞིན་བསེ་རུ1200ལས་བརྒལ་བ་རྔོན་པས་བསད་ཡོད་པས་ཁོར་ཡུག་ཉེས་གསོག་ཚོགས་པའི་དྲ་རྒྱར་རྡུང་རྡེག་གཏོང་རྒྱུའི་དཀའ་གནད་དེ་ཐོག་ནས་མཐོང་ཐུབ་པ་ཞིག་རེད།

ཧྲི་ཐའེ་ན་ཡིས“ཚོང་ལས་ཀྱི་རིན་ཐང་ཧ་ཅང་མཐོ་པོ་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་རིགས་ལ་སྔར་ན་བྱུང་མྱོང་མེད་པའི་འཚོ་གནས་ཀྱི་ཉེན་ཁ་འཕྲད་བཞིན་ཡོད་པས། དེ་ཐོག་ནས་བརྗོད་ན་ཁོར་ཡུག་ཉེས་གསོག་པའི་དབར་གྱི་དམག་འཁྲུག་ནང་ང་ཚོ་ཕམ་བཞིན་ཡོད”ཅེས་བརྗོད་པ་རེད།

ཁོང་གིས་བ་སོའི་ཐོན་རྫས་ཉོ་མཁན་མང་པོ་ཞིག་གིས་གླང་ཆེན་མཆེ་བ་མེད་ན་ཤི་ཡི་ཡོད་པ་དེ་ཤེས་ཀྱི་མེད། དེར་བརྟེན་དམངས་བྱིངས་ཀྱིས་ཁོར་ཡུག་ཉེས་གསོག་གི་གནོད་འཚེ་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་རྒྱུ་ནི་ཁོར་ཡུག་ཉེས་གསོག་བཀག་འགོག་གི་རྨང་གཞི་ཡིན་པ་མ་ཟད། རྨང་གཞི་དེའི་ཐོག་སྲིད་གཞུང་གིས་འབད་བརྩོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་མཉམ་ལས་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཕྱོགས་གསུམ་དབར་གཞོགས་འདེགས་བྱས་ཚེ་གཞི་ནས་ཁོར་ཡུག་གི་ཉེས་གསོག་དམག་འཁྲུག་འདིར་རྒྱལ་ཁ་འཐོབ་རྒྱུའི་གོ་སྐབས་ཡོད་ཅེས་བརྗོད་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།