ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ལ་ལི་པི་ཡའི་འགྲམ་རྒྱུད་ནས་མཚོན་ཆ་འདྲུད་པར་བཀག་འགོག་བྱེད་པའི་དབང་ཆ་གནང་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མཱོ་ཀའེ་ལེ་ཉི་ཡིས་ཚེས་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་ས་དཀྱིལ་རྒྱ་མཚོའི་མཚོ་དམག་ཅེས་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་སྐབས། ལི་པི་ཡའི་འགྲམ་རྒྱུད་ཀྱི་ས་དཀྱིལ་རྒྱ་མཚོའི་མཚོ་ཁོངས་ནས་མཚོན་ཆ་འདྲུད་པར་བཀག་འགོག་བྱེད་པའི་དབང་ཆ་གནང་རྒྱུའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ཀྱི་མཉམ་ལས་ཐད་ནས་གྲོས་ཚོགས་བསྡུས། མཱོ་ཀའེ་ལེ་ཉི་ཡིས་གཏམ་བཤད་སྐབས། ན་ནིང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མི་ལྐོག་འཚོང་བྱེད་པར་ཆམ་ཕབ་གཏོང་བའི་ཡོ་རོབ་གླིང་མནའ་འབྲེལ་ས་དཀྱིལ་རྒྱ་མཚོའི་མཚོ་དམག་ཅེས་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་དེར་དབང་ཆ་གནང་བར་བཀའ་དྲིན་ཆེ་ཞེས་བཤད། ཁོ་མོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཡང་བསྐྱར་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། འགུལ་སྐྱོད་འཆར་གཞི་དེ་སྤེལ་སྐབས། ལི་པི་ཡའི་འགྲམ་རྒྱུད་ཀྱི་ས་དཀྱིལ་རྒྱ་མཚོའི་མཚོ་ཁོངས་ནས་མཚོན་ཆ་འདྲུད་པར་བཀག་འགོག་བྱེད་པའི་དབང་ཆ་གནང་རྒྱུའི་འབོད་སྐུལ་བཏང་།

མཱོ་ཀའེ་ལེ་ཉི་ཡིས་ད་དུང་བཤད་རྒྱུར། ལི་པི་ཡའི་སྲིད་གཞུང་གིས་ཟླ་ལྔ་བར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ལི་པི་ཡའི་མཚོ་འགྲམ་ཉེན་སྲུང་རུ་ཁག་དང་མཚོ་དམག་ལ་སྦྱོང་བརྡར་བྱེད་རྒྱུའི་གདན་ཞུ་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྦྱོང་བརྡར་བྱེད་ཐབས་ཕྱོགས་ནས་གྲོས་མོལ་བྱེད་བཞིན་ཡོད་ཟེར། 
ཡོ་རོབ་གླིང་མནའ་འབྲེལ་གྱིས་གནས་སྤོར་དང་ཡུལ་གྱར་བའི་གནད་དོན་ལ་ཁ་གཏད་འཇལ་བའི་བྱེད་ཐབས་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ན་ནིང་གི་ཟླ་དྲུག་པར་མི་ལྐོག་འཚོང་བྱེད་པར་ཆམ་ཕབ་གཏོང་རྒྱུ་དམིགས་ཡུལ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་ས་དཀྱིལ་རྒྱ་མཚོའི་མཚོ་དམག་ཅེས་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་པ་ཁྱབ་སྒྲོག་བྱས། འགུལ་སྐྱོད་འཆར་གཞི་དེར་གོ་རིམ་གསུམ་ཡོད་དེ། གོ་རིམ་དང་བོར་གཙོ་བོ་ས་དཀྱིལ་རྒྱ་མཚོའི་མི་ལྐོག་འཚོང་གི་དྲ་བར་ལྟ་ཞིབ་དང་དཔྱད་འཇོག་བྱེད་པ་དང་། དུས་རིམ་གཉིས་པར་འགུལ་སྐྱོད་སྤེལ་ནས་དོགས་ཡོད་གྲུ་གཟིངས་ལ་སྔོག་བཤེར་དང་ཞིབ་བཤེར་བྱེད་པ། དུས་རིམ་གསར་པར་མི་ལྐོག་འཚོང་བྱེད་མཁན་འཛིན་བཟུང་བྱེད་རྒྱུ་མ་ཟད། གྲུ་གཟིངས་དང་འབྲེལ་ཡོད་རྒྱུ་ནོར་ཐག་གཅོད་བྱེད་པ་བཅས་རེད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ན་ནིང་གི་ཟླ་བཅུ་བར་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ཁོངས་ཞུགས་རྒྱལ་ཁབ་ཀྱིས་ལི་པི་ཡའི་འགྲམ་རྒྱུད་ཀྱི་ས་དཀྱིལ་རྒྱ་མཚོའི་མཚོ་ཁོངས་བརྒྱུད་དེ་ཡུལ་གྱར་བ་ལྐོག་འདྲེན་བྱེད་པ་དང་མི་ལྐོག་འཚོང་བྱེད་པར་ཆམ་ཕབ་གཏོང་བའི་དབང་ཆ་གནང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།