ཀྲུང་གོ་བོད་ཀྱི་དྲ་བ།

མར་ཏེ་ཝེ་སྲིད་གཞུང་གིས་དབྱི་ལིང་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་བཅད་པ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མར་ཏེ་ཝེའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧི་སེ་ཡུན་གྱིས་ཚེས་བཅོ་བརྒྱད་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། མར་ཏེ་ཝེ་སྲིད་གཞུང་གིས་དབྱི་ལིང་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་ཡོད་ཟེར།

མར་ཏེ་ཝེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་གྱི་ནམ་གུང་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། མར་ཏེ་ཝེ་ཡིས་བལྟས་ན་དབྱི་ལིང་གིས་དབུས་ཤར་ས་ཁུལ་དུ་ལག་བསྟར་བྱེད་པའི་སྲིད་ཇུས་དེ་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གནོད་པ་ཡོད་སྲིད་པ་དང་། ཐ་ན་ཕྱོགས་མང་བོ་ནས་མར་ཏེ་ཝེའི་བརྟན་འཇགས་དང་ཞི་བདེ། བདེ་འཇགས་བཅས་ལ་ཤུགས་རྐྱེན་ཐེབས་སྲིད་པས། དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར།

གསལ་སྒྲོག་ལས་བསྟན་དོན། ཟླ་སྔོན་མར་ཐུར་ཁེ་ནས་སྤེལ་བའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་མགོ་གཙོའི་གྲོས་ཚོགས་ནས་དབྱི་ལིང་དང་ཁྱིམ་མཚེས་རྒྱལ་ཁབ་བར་འབྲེལ་བ་བཟང་བོ་འཛུགས་དགོས་པ་དང་། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་བསམ་འཆར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གཞིར་བཟུང་ནས་ཞི་བའི་སྒོ་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། མར་ཏེ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབྱི་ལིང་གིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིི་བསམ་འཆར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དངོས་འབེབ་བྱེད་པའི་ཐད་ནས་འདོད་འདུན་དང་འགུལ་སྐྱོད་མང་དུ་སྤེལ་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།