ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁས་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཏེ་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་དུ་འཇུག་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དང་ཨ་མེ་རི་ཁས་ཚེས་དགུའི་ཉིན་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ། ཕྱོགས་གཉིས་ཀྱིས་བསྟན་དོན། འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་སི་རི་ཡཱའི་མངའ་ཁོངས་ཡོད་ཚད་ནས་ལག་བསྟར་འབྱུང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཨུ་རུ་སི་དང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐད་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས་པར་མ་ཟད། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ཐད་བྱེད་ཐབས་ལྔ་བཏོན་ཡོད།

གསལ་སྒྲོག་ལས་ཕྱོགས་ཁག་སོ་སོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་མགྱོགས་མྱུར་ངང་སི་རི་ཡཱ་རུ་བསྐྱལ་བར་ཆོག་མཆན་འགོད་དགོས་པ་དང་། ཁྱད་པར་དུ་བཀག་སྡོམ་ཐེབས་པའི་ས་ཁུལ་དུ་ཐོན་པར་བྱེད་དགོས། མཐའ་མཚམས་ཀྱི་རྒྱུ་ལམ་དེ་ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བཀག་འགོག་མེད་པར་བྱས་ཏེ། རྒུད་སྐྱོབ་དངོས་རྫས་ཚང་མ་ནི་ངེས་པར་དུ་ཟས་རིགས་དང་སྨན་རྫས། ཡང་མན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་པའི་དངོས་རྫས་གཞན་པ་ཡིན་དགོས་པ་ནན་བཤད་བྱས།

གསལ་སྒྲོག་ལས་ཨུ་རུ་སི་དང་ཨ་མེ་རི་ཁས་སི་རི་ཡཱའི་ཞི་བའི་གྲོས་མོལ་ལ་ཡར་སྐུལ་བྱེད་རྒྱུའི་ཚུལ་བསྟན་པ་དང་། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོ་དང་སི་རི་ཡཱའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཚན་ཆུང་གི་ཁོངས་མི། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱས་ཏེ། སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དོན་ཁྱབ་ཁོངས་ཀྱི་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱེད་པ་དེར་གལ་འགངས་ཆེ་བའི་ནུས་པ་ལྡན་ཟེར།

དེ་ལས་གཞན་ཁི་ལེ་ཚེས་དགུ་ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་སི་རི་ཡཱའི་གནད་དོན་ལ་འབྲེལ་བའི་གྲོས་ཚོགས་ཤིག་ཞུགས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སིས་ཉིན་དེར་སི་རི་ཡཱའི་གནད་དོན་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་དང་། དམིགས་ཡུལ་ནི་སི་རི་ཡཱའི་རྒྱལ་ཡོངས་སུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཆེད་ཡིན་ཟེར། ཁོས་བསྟན་དོན། གལ་ཏེ་སི་རི་ཡཱའི་ཕྱོགས་ཁག་སོ་སོའི་རྒྱབ་སྐྱོར་མེད་ན། ཨ་མེ་རི་ཁ་དང་ཨུ་རུ་སིའི་མཉམ་འབྲེལ་གསལ་སྒྲོག་དེས་སི་རི་ཡཱའི་གནས་བབ་ཐད་ནུས་ཅི་ཡང་ཐོན་ཐབས་མེད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།