ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཡིས་ཟླ་བདུན་པའི་ཚེས་གཉིས་ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཐི་ཨིན་པུའུ་ཨར་གྱིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཁོས་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ལ་གྲོས་ཁང་གི་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གཉིས་གཏོར་ནས། ཟླ་བདུན་པའི་ཚེས་གཉིས་ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུའི་གྲོས་གཞི་བཏོན་པར་ཙུང་ཏུའུ་ཡིད་འཐད་བྱུང་ཡོད་ཟེར།

ཐི་ཨིན་པུའུ་ཨར་གྱིས་དེའི་རྗེས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་ཆོད་དོན་དེ་ཁྱབ་སྒྲོག་བྱས། དེ་ལས་གཟའ་འཁོར་བརྒྱད་རིང་གི་འགྲན་རྩོད་བྱ་འགུལ་དེ་ལྟར་མགོ་བརྩམས་པ་མཚོན་ཡོད། ཚོད་དཔག་བྱས་ན་ལས་ཞུགས་དང་དཔལ་འབྱོར་འཕར་སྣོན། ཁྲལ་བསྡུ་སོགས་སྲིད་ཇུས་དེ་འགྲན་རྩོད་སྐབས་སུ་ཏང་ཁག་སོ་སོས་དཔྱད་གླེང་བྱེད་པའི་གྲོས་གཞི་གཙོ་བོར་གྱུར་ཡོད།

ཐི་ཨིན་པུའུ་ཨར་གྱིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱའི་མི་དམངས་གདམ་གསེས་དང་འཕྲད་ཡོད་པ་དང་། ཁོས་མགོ་ཁྲིད་པའི་ཏང་དབང་ཏང་དང་རྒྱལ་ཁབ་སྲིད་འཛིན་མནའ་འབྲེལ་གྱི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་དང་ལས་ཞུགས་ཐད་ཀྱི་དམ་བཅའ་གདམ་གསེས་བྱེད་པའམ་ཡང་ན། ངོ་རྒོལ་ཏང་ཁག་བཟོ་བའི་ཏང་གི་ཁྲལ་བསྡུ་མཐོན་པོ་དང་འགྲོ་སོང་མཐོན་པོའི་དངུལ་བུན་དང་འགྲོ་སོང་དཔལ་འབྱོར་གདམ་གསེས་བྱས་ཆོག་ཟེར།

ཐི་ཨིན་པུའུ་ཨར་གྱིས་སྒྲོག་སྤེལ་ཚོགས་འདུའི་སྟེང་ཡང་བསྐྱར་ཚན་རྩལ་གསར་སྐྲུན་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། ཨེ་ཤ་ཡཱ་དང་ཁྱད་པར་དུ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ཤིང་། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་བར་བཀོད་པའི་རང་དབང་ཉོ་ཚོང་གྲོས་ཆོད་བེད་སྤྱད་ནས། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་ལས་ཞུགས་ལ་ཡར་སྭལ་གཏོང་དགོས་པའི་ཚུལ་བསྟན།

ཉིན་དེར་བཟོ་བའི་ཏང་གི་གཙོ་འཛིན་ཞའོ་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། སྲིད་འཛིན་མནའ་འབྲེལ་ལ་རྒོལ་ལན་སྤྲད་པ་དང་། སློབ་གྲྭ་དང་སྨན་ཁང་ལ་མ་དངུལ་གཏོང་བ་དང་། བཟོ་བའི་ཁེ་ཕན་ལ་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། ནམ་ཟླའི་འགྱུར་ལྡོག་གནད་དོན་ཐད་ནས་འགུལ་སྤེལ་སྤེལ་རྒྱུ་ཡིན་ཟེར། ཞའོ་ཐིན་གྱིས་ད་རུང་བསྟན་དོན། བཟོ་བའི་ཏང་གིས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་བའི་ཞོར་དུ་ཨོ་སི་ཁྲུ་ལི་ཡཱའི་སྤྱི་ཚོགས་འདྲ་མཉམ་ལ་མུ་མཐུད་དུ་དོ་སྣང་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།