ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པས་གློ་བུར་དུ་དབྱི་རག་ལ་འཚམས་འདྲི་བྱས་ཏེ་དབྱི་རག་ནང་ཁུལ་གྱི་ཆབ་སྲིད་ཉམས་ཉེན་ལ་བར་འདུམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཚེས་ཉེར་བརྒྱད་ཉིན་གློ་བུར་དུ་དབྱི་རག་ལ་འཚམས་འདྲི་བྱས་པ་དང་། དམིགས་ཡུལ་ནི་དབྱི་རག་རྒྱལ་ནང་གི་ཆབ་སྲིད་ཉམས་ཉེན་ལ་བར་འདུམ་བྱེད་པའི་ཆེད་རེད། པེད་ཏིན་དང་མཉམ་དུ་སོང་བའི་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྟན་དོན། པེད་ཏིན་གྱི་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་དབྱི་རག་རྒྱལ་ནང་གི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་བྱེད་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་བྱ་འགུལ་མཚམས་འཇོག་མི་རུང་བ་ནན་བཤད་བྱས།

པེད་ཏིན་ཚེས་ཉེར་བདུན་ཉིན་གྱི་ནམ་གུང་ཝ་ཧྲིན་ཐོན་ནས་ལམ་དུ་ཆས་པ་དང་། ཚེས་ཉེར་བརྒྱད་ཉིན་གྱི་ཉིན་གུང་དབྱི་རག་གི་རྒྱལ་ས་པཱ་ཀི་ཏཱ་རུ་འབྱོར་བ་རེད། ཕོ་བྲང་དཀར་པོས་ཐེངས་འདིའི་འཚམས་འདྲིའི་འགྲུལ་བཞུད་བཀོད་སྒྲིག་ཁྱབ་སྒྲོག་བྱས་མེད་ཀྱང་། ཚོད་དཔག་བྱས་ན་པེད་ཏིན་གྱིས་དབྱི་རག་སྲིད་གཞུང་ནང་ཁུལ་གྱི་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པར་ཐུག་འཕྲད་བྱེད་རྒྱུ་ཡིན་པ་དང་། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣ། ཨ་མེ་རི་ཁའི་དམག་དཔུང་གི་བཀོད་འདོམ་དཔོན་པོ་བཅས་དང་གྲོས་མོལ་བྱེད་རྒྱུ་རེད།

ཐེངས་འདིའི་འཚམས་འདྲི་ནི་པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པའི་འགན་ཁུར་བའི་ཚུན་ལ་ཐེངས་དགུ་བར་དབྱི་རག་ཏུ་འཚམས་འདྲི་བྱས་པ་ཡིན་ལ། ཨ་མེ་རི་ཁའི་དམག་དཔུང་ཉིས་སྟོང་བཅུ་གཅིག་ལོར་ཕྱིར་འཐེན་བྱས་རྗེས་ཐོག་དང་པོར་རྒྱལ་ཁབ་དེར་འཚམས་འདྲི་བྱས་པ་རེད། ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཚམས་འདྲི་སྔ་མོ་ནས་བཀོད་སྒྲིག་བྱས་ཡོད་ཀྱང་། བདེ་འཇགས་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ་པེད་ཏིན་དབྱི་རག་ཏུ་འབྱོར་རྗེས་ད་གཟོད་ཕྱིར་ཁྱབ་སྒྲོག་བྱས་པ་ཡིན་ཟེར།

དབྱི་རག་གི་ཆབ་སྲིད་གནས་བབ་ཉེ་སྔོན་བརྟན་འཇགས་མིན་པའི་སྣང་ཚུལ་བྱུང་ཡོད། མང་ཚོགས་སྟོང་ཕྲག་འགས་བསྟུད་མར་ཉིན་འགའི་རིང་ཕཱ་ཀི་ཏཱ་ནས་ངོ་རྒོལ་རྔམ་སྟོན་བྱ་འགུལ་སྤེལ། རྔམ་སྟོན་མཁན་གྱིས་བཤད་རྒྱུར། ཁོ་ཚོ་སྲིད་གཞུང་གི་དཔོན་རིགས་ཀྱི་རུལ་སུངས་བྱ་སྤྱོད་ལ་སྡང་སེམས་ཆེན་པོ་སྐྱེས་ཡོད་པ་དང་། གང་མགྱོགས་ཀྱིས་ཆབ་སྲིད་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་རག་ཀྲུང་དབྱང་སྲིད་གཞུང་ནང་ཁུལ་གྱི་ཕྱོགས་ཁག་སོ་སོའི་བར་རྩོད་གླེང་རྒྱུན་ཆད་མེད་པ་དང་། སོ་སོར་ཧྲི་ཡེ་ཕྱོགས་ཁག་དང་ཞོང་ནེ་ཕྱོགས་ཁག ཁུའུ་ཨར་ཏི་བཅས་ཆབ་སྲིད་ཚོགས་ཁག་འགས་དབང་ཤུགས་དང་རྡོ་སྣུམ་གྱི་ཡོང་འབབ་བགོ་བཤའ་བྱེད་པར་གྲོས་མཐུན་འགོད་ཐབས་མེད། ཙུང་ལི་ཨ་པཱ་ཏིས་ཀྱི་དབང་གྲགས་ལ་འཇིགས་ཉེན་ཐེབས་ཡོད། གནོན་ཤུགས་ཐེབས་པའི་དབང་གིས་ཨ་པཱ་ཏིས་ཀྱིས་གཟའ་འཁོར་འདིའི་ནང་ནེ་ཀིའི་ཁོངས་མི་སྐོར་ཞིག་བརྗེ་སྤོར་བྱས་ཀྱང་ཕན་ནུས་ཆེར་ཐོན་མེད།།   

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།